ནང་སྲིད་བློན་པོ་དང་ དངུལ་རྩིས་བློན་པོ་ དེ་ལས་ ཉེན་བཅོལ་དང་འབྲེལ་བའི་ གན་ཡིག་གུ་ མཚན་རྟགས་བཀོད་མི་འགོ་དཔོན་ཚུ།

གྲོང་གསེབ་ཚེ་སྲོག་ཉེན་བཅོལ་གྱི་འཐུས་ དངུལ་ཀྲམ་༣༠,༠༠༠ ལུ་ཡར་སེང་།

༉ ཧེ་མ་ མི་ཚེ་ལས་འདས་པའི་སྐབས་ མི་རེ་གིས་ གྲོང་གསེབ་ཚེ་སྲོག་ཉེན་བཅོལ་གྱི་འཐུས་ དངུལ་ཀྲམ་༡༥,༠༠༠ རེ་ ཐོབ་སྲོལ་མི་དེ་ གཞུང་གིས་ འཕྲལ་ཁམས་ཅིག་ཁར་ དངུལ་ཀྲམ་༣༠,༠༠༠ ལུ་ ཡར་སེང་འབད་ནུག།
མ་གཞི་ ཚེ་སྲོག་ཉེན་བཅོལ་གྱི་འཐུས་དེ་ གཞུང་གིས་ མི་ཚུ་ལས་ བསྡུ་ལེན་འབད་ཐོག་ལས་ ཚེ་ལས་འདས་མི་ཚུ་ལུ་ བྱིནམ་ཨིན་རུང་ ཚེ་སྲོག་ཉེན་བཅོལ་གྱི་ ལམ་ལུགས་དེ་ སྤྱི་ཟླ་༨ པ་ལས་ རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱིས་ འཛིན་སྐྱོང་འཐབ་ནི་ཨིན་པས།
གྲོང་གསེབ་ཚེ་སྲོག་ཉེན་བཅོལ་ལམ་ལུགས་ བསྐྱར་གསོ་འབད་མི་དེ་ཡང་ ཁ་ཙ་ ཐིམ་ཕུག་ལུ་སྦེ་ དངུལ་རྩིས་ལྷན་ཁག་དང་ རྒྱལ་གཞུང་ཉེན་བཅོལ་ལས་འཛི་ དེ་ལས་ ནང་སྲིད་དང་ སྲོལ་འཛིན་ལྷན་ཁག་༣ གྱི་བར་ན་ གན་ཡིག་གུ་ མཚན་རྟགས་ཅིག་བཀོད་ཅི།
ཉེན་བཅོལ་གྱི་ འཐུས་དེ་ཡང་ སྤྱི་ལོ་༡༩༨༢ ལུ་ འགོ་བཙུགས་ཏེ་ ལོ་ངོ་༢༧ གྱི་ཤུལ་ལས་ སྤྱི་ལོ་༢༠༠༩ ལུ་ དངུལ་ཀྲམ་༡༠,༠༠༠ ལས་ དངུལ་ཀྲམ་༡༥,༠༠༠ ལུ་ ཡར་སེང་འབད་ནུག།
གན་ཡིག་དེ་གིས་ འབྲུག་མི་སྐྱེས་ལོ་༨ ཡན་ཆད་འབད་མི་ཚུ་ལུ་ ཚེ་སྲོག་ཉེན་བཅོལ་གྱི་ ཞབས་ཏོག་ཚུ་ ཚད་ལྡང་སྦེ་ འཐོབ་ནི་ལུ་ ལྷན་ཐབས་འབྱུང་ཚུགས་ནི་ཨིན་པས།
ཚེ་སྲོག་ཉེན་བཅོལ་གྱི་འཐུས་ དངུལ་ཀྲམ་༣༠,༠༠༠ ལུ་ ཡར་སེང་འབད་མི་དང་བསྟུན་ མི་རེ་གིས་ ལོ་བསྟར་ཚེ་སྲོག་ཉེན་བཅོལ་ དངུལ་ཀྲམ་༨༧ རེ་སྤྲོད་དགོ་མིའི་གུ་ གཞུང་གི་ཁ་ཐུག་ལས་ ཕབ་ཆག་དངུལ་ཀྲམ་༡༠༨ རེ་ གནང་ནི་ཨིནཔས།
ཧེ་མ་འབད་བ་ཅིན་ ས་གནས་གཞུང་ལས་ཁུངས་ཀྱིས་ དངུལ་རྩིས་ལྷན་ཁག་ལས་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ འཛིན་སྐྱོང་འབད་དེ་ ལོ་བསྟར་བཞིན་དུ་ གྲོང་གསེབ་ཚེ་སྲོག་ཉེན་བཅོལ་གྱི་འཐུས་ དངུལ་ཀྲམ་༤༥ རེ་ བསྡུ་ལེན་འབད་ཡོདཔ་ཨིན་པས།
གྲོང་གསེབ་ཚེ་སྲོག་ཉེན་བཅོལ་ འཛིན་སྐྱོང་འཐབ་ནིའི་དོན་ལུ་ རྒྱལ་གཞུང་ཉེན་བཅོལ་ལས་འཛི་ལུ་ བྱིན་མི་དེ་ཡང་ ལས་འཛིན་དེ་ རྒྱལ་ཁབ་ནང་ ཉེན་བཅོལ་ཞབས་ཏོག་ ལེགས་ཤོམ་ཡོད་མི་དང་ ཉེལ་བཅོལ་འབད་ནི་ལུ་ མཁས་མཆོག་ཡོད་ནི་དེ་གིས་ཨིན་ཟེར་ གྲོང་གསེབ་ཚེ་སྲོག་ཉེན་བཅོལ་ལམ་ལུགས་ཀྱི་ ལམ་སྟོན་ནང་བཀོད་ནུག།
དངུལ་རྩིས་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ གསུངས་མིའི་ནང་ ད་རེས་ ཚེ་སྲོག་ཉེན་བཅོལ་གྱི་ ལམ་ལུགས་དེ་ རྒྱལ་གཞུང་ཉེན་བཅོལ་ལས་འཛི་ལུ་ འཛིན་སྐྱོང་འཐབ་ནི་གི་ གནང་བ་བྱིན་མི་དེ་གིས་ མི་སེར་ཚུ་ལུ་ ཕན་ཐོགས་འབྱུང་ནི་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ དམིགས་དོན་ཡང་ འགྲུབ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
སྤྱི་ལོ་༢༠༡༦-༢༠༡༧ གྱི་དོན་ལུ་ མི་ཚུ་ལས་ ཚེ་སྲོག་ཉེན་བཅོལ་འཐུས་ཚུ་ ཧེ་མའི་ཚད་གཞི་ཐོག་ལུ་ བསྡུ་ལེན་འབད་ཚར་ཡོདཔ་ལས་ ཡར་སེང་འབད་མི་དེ་ སང་ཕོད་ལས་རྐྱངམ་གཅིག་ བསྡུ་ལེན་འབད་ནི་ཨིན་པས།
དུས་ཅི་ སྤྱི་ཟླ་༧ པ་ལས་ ཉེན་བཅོལ་གྱི་འཐུས་ ཡར་སེང་འབད་མི་དེ་ མི་ཚུ་ལས་ བསྡུ་ལེན་མི་འབད་ནི་ཨིནམ་ལས་ གྱོང་རྒུད་དངུལ་ཀྲམ་ས་ཡ་༡༥ དེ་ཅིག་ ཕོག་མི་དེ་ ལས་འཛིན་གྱིས་ འབག་ནི་སྦེ་ ཁ་བཟེད་དེ་ཡོད་ཟེར་ དངུལ་རྩིས་བློན་པོ་གིས་ གསུངས་ཡི།
ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གལ་སྲིད་ མི་ཚུ་ ཤི་རྐྱེན་བྱུངམ་ད་ ས་གནས་གཞུང་གི་ འགོ་དཔོན་ཚུ་གིས་ ཚེ་འདས་ཀྱི་ མི་རྩིས་ཁ་གསལ་ཚུ་ བདེན་དཔྱད་འབད་དེ་ ཉེ་འདབས་ལུ་ཡོད་མི་ ལས་འཛིན་གྱི་ ཡིག་ཚང་ནང་ བཙུགས་པའི་ཤུལ་ལས་ བདུན་ཕྲག་༡ གི་ནང་འཁོད་ལུ་ ཉེན་བཅོལ་སྤྲོད་ཚུགསཔ་འབད་ནི་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *