གྲུབ་འབྲས་དོན་སྨིན་འབྱུང་ནིའི་དོན་ལུ་ མ་རྩ་གཞི་བཙུགས།

༉ ནད་ཡམས་ཀོ་བིཌ་-༡༩ འི་ གློ་བུར་འཆར་གཞི་གི་ ཡན་ལག་བཟུམ་ཅིག་སྦེ་ འཛམ་གླིང་སྤྱི་ཚོགས་ཀྱི་ བཟའ་འཐུང་དང་སོ་ནམ་ལས་ཚོགས་ཀྱི་ རྒྱབ་སྐྱོར་ཐོག་ལས་ སོ་ནམ་ལས་ཁུངས་ཀྱི་འོག་ལུ་ ཁྲོམ་སྡེ་སོ་ནམ་ལས་འགུལ་ གཞི་བཙུགས་འབད་མི་དེ་ ལེགས་ཤོམ་མ་འགྱོཝ་བཟུམ་ཅིག་འདུག།

འདས་པའི་ལོའི་ སྤྱི་ཟླ་༥ པའི་ནང་ སོ་ནམ་ལས་ཁུངས་ཀྱིས་ ཐིམ་ཕུག་ལུ་ བོད་སྒར་ནང་དང་ ལྕང་རྟ་སྒང་ དེ་ལས་ དཀར་སྦིས་ས་ལུ་ ཞིང་སྟོང་སྦེ་བཞག་མི་ སྒེར་གྱི་ས་ཆ་ཨེ་ཀར་༡༣.༥༤ ངོས་འཛིན་འབད་དེ་ དམིགས་བསལ་དུ་ ལྟ་བཤལ་ལས་སྡེ་ཚུ་ལས་ ནད་ཡམས་ལུ་བརྟེན་ ལཱ་གཡོག་བྱང་མི་ འབྲུག་མི་༡༣༩ སོ་ནམ་གྱི་ལཱ་ནང་ གྲལ་གཏོགས་འབད་བཅུག་ནུག།

ཁོང་གི་གྲས་ལས་ བརྒྱ་ཆ་༨༠ དེ་ཅིག་ལུ་ སོ་ནམ་གྱི་ལཱ་ཚུ་ འགོ་བཙུགས་ནིའི་དོན་ལས་ ས་ཆ་བྱིན་ཡོདཔ་ཨིན་རུང་ ཕྱེད་ཉུངམ་དེ་ཅིག་གིས་ ལཱ་མ་འབད་བར་ བཤོལ་བཞག་པའི་ མཐོང་གསལ་བྱུངམ་ཨིན་མས།

ནད་ཡམས་དང་འབྲེལ་བའི་ དཀའ་ངལ་ཚུ་ལུ་བརྟེན་ ས་ཞིང་ཨེ་ཀར་ལས་བཅད་དེ་ སླར་སྤྱོད་འབད་ནི་ འགོ་བཙུགས་ཡོདཔ་ཨིན་མས།

ཁྲོམ་སྡེའི་སོ་ནམ་ལས་འགུལ་དོན་ལུ་ མཚན་རྟགས་བཀོད་མི་ མང་ཤོས་ཅིག་ར་ ཞིང་ལཱ་འབད་ནིའི་ཉམས་མྱོང་ གངམ་མེད་པ་ལུ་བརྟེན་ བཤོལ་བཞག་ནིའི་ གདམ་ཁ་རྐྱབ་དགོཔ་བྱུང་ནུག།

སོ་ནམ་ཞིང་ལཱ་འབད་ནི་དེ་ འཇམ་ཏོང་ཏོ་ཅིག་ ཨིནམ་འདྲས་ཟེར་བའི་ མནོ་བསམ་བཏང་སྟེ་ ལས་འགུལ་གྱི་དོན་ལུ་ མཚན་རྟགས་བཀོད་པའི་ དོགས་སྣང་ཡོདཔ་བཞིན་དུ་ འོས་ལྡན་བར་འབྲེལ་འཐབ་མི་ཚུ་ལས་ རྒྱབ་སྐྱོར་ལེན་མ་ཚུགས་པ་ཅིན་ ད་རུང་ མི་མངམ་གིས་ར་ རྒྱབ་བཤུད་རྐྱབ་སྟེ་འགྱོ་འོང་།

ཁྲོམ་སྡེ་སོ་ནམ་ལས་འགུལ་ གཞི་བཙུགས་འབད་དགོ་པའི་ དམིགས་ཡུལ་ངོ་མ་ར་ རྒྱལ་ཁབ་ནང་ ལཱ་གཡོག་མེད་པའི་དཀའ་ངལ་ སེལ་ཐབས་འབད་ནིའི་དོན་ལུ་ཨིནམ་མ་ཚད་ མ་འོངས་པ་ལུ་ བཟའ་འཐུང་ཉེན་སྲུང་གི་ དམིགས་གཏད་འགྲུབ་ནིའི་དོན་ལུ་ཡང་ ཨིན་མས།

གཞུང་གིས་ རྒྱབ་སྐྱོར་ལམ་ལུགས་ལེ་ཤ་ཅིག་ར་ འགོ་འདྲེན་འཐབ་སྟེ་འབད་རུང་ འདི་བ་ལྷག་པའི་ ཐབས་ལམ་ཚུ་ བཏོན་ཚུགས་པ་ཅིན་ ལཱ་གཡོག་མེད་པའི་ འབྲུག་པའི་ན་གཞོན་ཚུ་གིས་ སོ་ནམ་ཞིང་ལཱ་འབད་ནི་ལུ་ དང་འདོད་བསྐྱེད་ནི་ཨིན་མས།

ལས་འགུལ་གྱི་འོག་ལུ་ གདོང་ལེན་ལེ་ཤ་བྱུང་མིའི་གྲས་ལས་གཅིག་ སྐྱེལ་འདྲེན་གྱི་ཟད་འགྲོ་དང་ ཚོང་ལམ་མེད་མི་དེ་ཨིན་མས།

འདི་བཟུམ་མའི་ དཀའ་ངལ་འབྱུང་པ་ཅིན་ ཞིང་ལཱ་འབད་ནི་ལུ་ སེམས་ཤུགས་བསྐྱེད་མི་ཚུགས་ནི་དང་ མཐའན་མཇུག་ཁར་ འཐུས་ཤོར་འབྱུང་ནིའི་ ཉེན་ཁ་འདུག།

ཨིན་རུང་ ཁྲོམ་སྡེ་སོ་ནམ་ལས་འགུལ་ལུ་བརྟེན་ ན་གཞོན་ལཱ་གཡོག་མེད་མི་ཚུ་ལུ་ ལཱ་གཡོག་གི་གོ་སྐབས་ བྱིན་ཡོད་པའི་ཁར་ རྒྱལ་ཡོངས་བཟའ་འཐུང་ཉེན་སྲུང་དང་ རང་ལྡང་གནས་ཚད་ལུ་ དུམ་གྲ་ཅིག་ ཕན་ཁྱད་བྱུང་ནུག།

ཐིམ་ཕུག་གི་ ཁྲོམ་སྡེ་སོ་ནམ་ལས་འགུལ་གྱིས་ ཚོད་བསྲེ་མེ་ཊིག་ཊཱོན་༣༣ ཐོན་སྐྱེད་འབད་ཡོདཔ་ཨིན་རུང་ ཚོང་འབྲེལ་འཐབ་མ་ཚུགས་པའི་ གདོང་ལེན་བྱུང་ནུག།

འདི་བཟུམ་མའི་ ཚོང་ལམ་གྱི་དཀའ་ངལ་ཚུ་བྱུངམ་ད་ གཞུང་གིས་འབད་རུང་ ལེགས་བཅོས་འབད་ནིའི་ ཐབས་ལམ་ཚུ་ བཏོན་དགོཔ་མ་ཚད་ སོ་ནམ་འཕྲུལ་ཆས་ལ་སོགས་པ་ཚུ་ མཁོ་བསྒྲུབ་འབད་ནིའི་ནང་ གྲོགས་རམ་འབད་དགོཔ་འདུག།

ད་ལྟོ་ཐེངས་གཅིག་ མ་རྩ་གཞི་བཙུགས་འབད་ནི་དེ་ ལྕི་དྲགས་ཡོད་རུང་ མ་འོངས་པ་ལུ་ གྲུབ་འབྲས་དོན་སྨིན་འབྱུང་ཚུགས།

About admin

Check Also

ད་རུང་ འབྲུག་མི་ཕུཊ་བཱོལ་རྩེད་འགྲན་པ་ཅིག་གིས་ ཕྱི་ཁའི་སྡེ་ཚན་ནང་གྲལ་གཏོགས།

༉ སྐྱེས་ལོ་༢༣ ལང་མི་ སྐལ་བཟང་གིས་ ད་ལྟོ་ རྒྱ་གར་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལྡི་ལི་རྐང་རྩེད་ལིག་འགྲན་བསྡུར་༢༠༢༡ ནང་ Garhwal Heroes Football Club ཟེར་ ཕུཊ་བཱོལ་སྡེ་ཚོགས་ …

Leave a Reply

Your email address will not be published. Required fields are marked *