གྱེན་ལོག་དམག་རྒོལ་གྱི་ རྩོད་བཤེར་སྙན་གསན་ནང་ ཁྲིམས་སྲུང་འགག་སྡེ་གིས་ བརྡ་བརྒྱུདཔ་ཚུ་ ལྟ་རྟོག་དམ་དམ་འབད་དོ་ཡོདཔ།

༉ འབྲུག་པའི་བརྡ་བརྒྱུད་ལས་ཁང་ཚུ་ནང་ ལཱ་འབད་མི་ཚུ་གིས་ གནས་ཚུལ་ཚུ་ འཇམ་ཏོང་ཏོ་སྦེ་ འཐོབ་ཚུགས་དོ་བཟུམ་མའི་ ཚོར་སྣང་བྱུངམ་ཨིན་རུང་ ཁྲིམས་སྲུང་འགག་སྡེ་གིས་ ཁྲིམས་འདུན་གྱི་ས་ཁོངས་ཚུ་ནང་ འཛུལ་བའི་སྐབས་ ཚད་འཛིན་དང་ བཀག་འཛིན་ཚུ་ འབད་དོ་ཡོདཔ་ཨིན་པས།

ཁྲིམས་སྲུང་འགག་སྡེ་ལས་ བརྡ་དོན་ཚུ་འཐོབ་ནིའི་ཐད་ཁར་ ལམ་ལུགས་དང་འཁྲིལ་ཏེ་ གནས་ཚུལ་བསྡུ་བཀོདཔ་ཚུ་ལུ་ བྱིན་བཞིན་དུ་ཡོདཔ་ཨིན་པས།

ཨིན་རུང་ ཁྲིམས་འདུན་གྱི་ས་ཁོངས་ཚུ་ནང་ལྷོདཔ་ད་ ཁྲིམས་སྲུང་འགག་པ་གིས་ གནས་ཚུལ་བསྡུ་བཀོདཔ་ཚུ་གིས་ ཁྲིམས་ འདུན་གྱི་པར་ཚུ་ ཕྱི་ཁ་ལས་ བཏབ་མི་བཅུག་དོ་ཡོད་པའི་ཁར་ སྒོ་ནང་ལས་འཛུལ་བའི་སྐབས་ བརྡ་བརྒྱུདཔ་ཨིན་ཟེར་སླབ་ད་ སྒྲིག་གཞི་ག་ཏེ་ལུ་ཡང་ བཀོད་དེ་མེད་རུང་ སྒྲིག་གཡོག་རྒྱུག་མི་ ཁྲིམས་སྲུང་འགག་པ་ཚུ་གིས་ འབད་ཆོག་དང་མ་ཆོགཔ་ཚུ་གི་སྐོར་ལས་ སླབ་བྱིནམ་ཨིན་པས།

བཀག་འཛིན་འབད་མི་ ས་ཁོངས་ཚུ་གི་གྲས་ལས་ མང་ཤོས་ར་ ཁྲིམས་འདུན་དང་ མངོན་མཐོ་དང་ཆེ་མཐོ་ཁྲིམས་འདུན་ནང་ འགྱོཝ་ད་ འབད་དོ་ཡོདཔ་ཨིན་པས།

དེ་གི་ནང་ལས་ ད་རེས་ནངས་པར་ གྱེན་ལོག་དམག་རྒོལ་གྱི་ རྩོད་བཤེར་འབད་བའི་བསྒང་ཡོད་མི་དེ་ནང་ གནས་ཚུལ་བསྡུ་ བཀོདཔ་ཚུ་ ཁྲིམས་འདུན་གྱི་ ཕྱི་ཁར་སྡོད་རུང་ ཁྲིམས་སྲུང་འགག་པ་ཚུ་གིས་ ན་འཐན་ལྟ་རྟོག་འབད་དེ་ པར་གྱི་རིགས་ཚུ་ ག་ནི་ཡང་ བཏབ་མ་བཅུག་པར་ བཀག་ཆ་འབདཝ་ཨིན་པས།

ཐིམ་ཕུག་རྫོང་ཁག་གི་ ཁྲིམས་ཁྲི་དང་པའི་ དྲང་དཔོན་གྱིས་ བརྡ་བརྒྱུདཔ་ཚུ་ལུ་ རྩོད་བཤེར་དེ་ གྱེན་ལོག་དང་འབྲེལ་བ་ཡོདཔ་ལས་ ནང་ན་བཙུགས་ཐབས་མེད་རུང་ སྙན་གསན་ཚུ་ འབད་ཚར་བའི་ཤུལ་ལས་ ཁོ་གིས་ ཕྱི་ཁར་འོང་སྟེ་ བརྡ་བརྒྱུདཔ་ཚུ་དང་གཅིག་ཁར་ རྩོད་ཟླ་ཚུ་གིས་ཞུ་མི་ཚུ་ བཅུད་བསྡུ་སྟེ་ བརྡ་དོན་ཚུ་སྤྲོད་དོ་ཡོདཔ་ད་ འཁྲུན་ཆོད་ཐོནམ་ད་ འདྲ་རེ་ཡང་ བྱིནམ་ཨིན་པས།

ཨིན་རུང་ ཕྱི་ཁར་སྒུག་སྡོད་མི་ བརྡ་བརྒྱུདཔ་ཚུ་ ཁྲིམས་འདུན་གྱི་ ས་ཁོངས་ནང་ཡོད་མི་ ཁྲིམས་སྲུང་འགག་པ་ཚུ་གིས་ ག་ འགྱོ་སར་ ལྟ་རྟོག་འབད་བའི་ཁར་ པར་བཏབ་རུང་ ལྟག་ལས་བཀོད་རྒྱ་ཡོད་ཟེར་ བཏབ་མ་བཅུག་པའི་ བཀག་ཆ་འབད་མི་དེ་ བརྡ་བརྒྱུད་ཀྱི་དལ་དབང་ལུ་ བཀག་ཆ་འབད་བའི་ རྟགས་མཚོན་ངོ་མ་ཨིན་པས།

གྱེན་ལོག་དམག་རྒོལ་རྒྱུད་བསྐུལ་གྱི་ རྩོད་བཤེར་ནང་ འབྲེལ་བ་ཡོད་མི་ཚུ་ འགོ་དང་པ་ ཁྲིམས་འདུན་ལུ་ ངོ་སྤྲོད་འབད་བའི་ སྐབས་ ཀུན་གསལ་གྱི་ གནས་ཚུལ་བསྡུ་བཀོདཔ་ཅིག་གིས་ རྩོད་ཟླ་ཚུ་གི་ པར་བཏབ་པའི་སྐབས་ རྩོད་ཟླ་ཚུ་ཁྱིད་འོང་མི་ ཨམ་སྲུ་སྡེ་གོང་༡ གིས་ བཀག་ཆ་འབད་དེ་ པར་ཚུ་འགྲུལ་འཕྲིན་ནང་ལས་ བཏོན་གཏང་བཅུག་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ རྩོད་བཤེར་དེ་གི་ འཁྲུན་ཆོད་བཏོན་པའི་ཚེ་ སྒེར་གྱི་བརྡ་བརྒྱུད་ལས་ཁང་ནང་ ལཱ་འབད་མི་ཨམ་སྲུ་༡ ཡང་ ཁྲིམས་འདུན་གྱི་པར་ ཕྱི་ཁར་ལས་བཏབ་སར་མཐོངམ་ད་ སྒྲིག་གཡོག་ནང་ཡོད་མི་ ཁྲིམས་སྲུང་འགག་པ་ཅིག་གིས་ བཏབ་མི་ཆོག་ཟེར་སླབ་སྟེ་ དེ་འཕྲོ་ལས་ བཀག་རྐྱབ་ཡོདཔ་ཨིན་པས།

གནས་ཚུལ་བསྡུ་བཀོདཔ་ ཨམ་སྲུ་དེ་གིས་ སླབ་མིའི་ནང་ ཁྲིམས་སྲུང་འགག་པ་དེ་གིས་ འགོ་དཔོན་ལས་ བཀོད་རྒྱ་ཡོད་ཟེར་ སླབ་རུང་ དེ་སྦེ་ བཀག་ཆ་འབད་ནིའི་དབང་ཚད་ ཁྲིམས་སྲུང་འགག་སྡེ་ལུ་ མེདཔ་འོང་ཟེར་ཨིན་པས།

མོ་གིས་བཤད་མིའི་ནང་ སྤྱིར་བཏང་རྩོད་བཤེར་ཚུ་གི་སྐོར་ལས་ གནས་ཚུལ་བསྡུ་ལེན་འབད་བར་འགྱོཝ་ད་ དེ་ཅིག་ ལྟ་རྟོག་ འབད་ས་ མ་མཐོང་རུང་ གྱེན་ལོག་དམག་རྒོལ་གྱི་ རྩོད་བཤེར་ཐོན་པའི་ཤུལ་ལས་ ལྟ་རྟོག་མང་སུ་འབད་དོ་བཟུམ་སྦེ་ ཚོར་ཡི་ ཟེར་ཨིན་པས།

འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ གནས་ཚུལ་བསྡུ་བཀོདཔ་ཅིག་གིས་ ཁྲིམས་སྲུང་འགག་སྡེ་གིས་ དེ་བཟུམ་འབད་ས་མཐོངམ་ད་ འབྲུག་པའི་གནས་ཚུལ་ལས་ཁང་ཚུ་ལུ་ གནས་ཚུལ་བསྡུ་ནིའི་དལ་དབང་དེ་ ཧྲིལ་བུམ་ཡོདཔ་བཟུམ་ཅིག་ མི་མཐོང་པས་ཟེར་ཨིན་པས།

ང་བཅས་ཀྱིས་ རྒྱལ་སྤྱིའི་གནས་ཚུལ་བསྡུ་ལེན་འབད་ཐངས་བཟུམ་སྦེ་ རྩོད་བཤེར་འབད་བའི་སྐབས་ ཁྲིམས་འདུན་ལུ་ སོང་ཞིནམ་ལས་ དངོས་མཐོང་སྦེ་ གསལ་སྟོན་འབད་ནི་མེད་རུང་ རྩོད་ཟླ་ཚུ་ ཕྱི་ཁར་ཐོན་པའི་སྐབས་ལུ་ཡང་ པར་བཏབ་ནིའི་ དབང་ཆ་མིན་འདུག་ཟེར་ཨིན་པས།

སྤྱིར་བཏང་གི་རྩོད་བཤེར་ཚུ་ནང་ གནས་ཚུལ་བསྡུ་བཀོདཔ་ཚུ་ ནང་ན་བཙུགས་རུང་ པར་བཏབ་ནི་དང་ སྒྲ་བཟུང་ནི་ལ་སོགས་ པ་ཚུ་ ག་ནི་ཡང་ འབད་མི་བཅུག་དོ་ཡོདཔ་ཨིན་པས།

རྒྱལ་སྤྱི་ནང་འབད་བ་ཅིན་ བཀོད་རིས་འབྲི་མི་ཚུ་གིས་ ཁྲིམས་འདུན་ལུ་སོང་སྟེ་ གསར་ཤོག་ནང་ བཙུགས་ནིའི་དོན་ལུ་ པར་ བཏབ་འབག་སྟེ་ བཀོད་རིས་ཐོག་ལས་ རྩོད་ཟླ་ཚུའི་པར་བྲིས་ཏེ་ བཙུགས་སྲོལ་ཡོདཔ་ཨིན་པས།

དེ་བཟུམ་མའི་ བཀག་འཛིན་འབད་མི་དེ་ བརྡ་བརྒྱུད་དང་འབྲེལ་བའི་ སྒྲིག་གཞི་དང་ལམ་སྟོན་ བཅའ་ཁྲིམས་ག་ཅི་ནང་ ཡང་ མེད་རུང་ ལམ་ལུགས་དེ་ དུས་བརྒྱུན་གྱི་སྲོལ་བཟུམ་ཅིག་ལུ་ གྱུར་ཡོདཔ་ཨིན་པས།

འདས་པའི་ཟླཝ་ནང་ སྒེར་གྱི་གནས་ཚུལ་བསྡུ་བཀོདཔ་ཅིག་གིས་ མངོན་མཐོ་ཁྲིམས་འདུན་གྱི་ པར་བཏབ་པའི་སྐབས་ལུ་ ཁྲིམས་སྲུང་འགག་པ་ཅིག་གིས་ བཀག་ཆ་འབད་བའི་ཤུལ་ལས་ ཁ་ཤགས་རྐྱབ་དགོཔ་ཐོན་ཡོདཔ་ཨིན་པས།

གནས་ཚུལ་བསྡུ་བཀོདཔ་གཞན་ཅིག་ཡང་ ཆེ་མཐོ་ཁྲིམས་འདུན་ལུ་ གནས་ཚུལ་བསྡུ་ལེན་འབད་བར་འགྱོ་བའི་སྐབས་ སྒོ་ར་ ལུ་ཡོད་མི་ ཁྲིམས་སྲུང་འགག་པ་ཨམ་སྲུ་ཅིག་གིས་ ས་ཁོངས་ནང་འཛུལཝ་ད་ པར་བཏབ་ནིའི་རིགས་ཚུ་ འབད་ནི་ཨིན་པ་ ཅིན་ གནང་བ་ལེན་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།

གནས་ཚུལ་བསྡུ་བཀོདཔ་ཚུ་གིས་ གསར་ཤོག་དང་ རྒྱང་མཐོང་ནང་ བཙུགས་ནིའི་དོན་ལུ་ པར་ཚུ་བཏབ་པའི་སྐབས་ པར་ནང་ཚུད་མི་ཚུ་གི་ དལ་དབང་དེ་ལུ་ གུས་ཞབས་ཡོདཔ་ལས་ ཨ་ལོ་ཆུང་ཀུ་ཨིན་པ་ཅིན་ བཙུགས་ནི་མེད་རུང་ གྱེན་ལོག་དམག་རྒོལ་གྱི་རྩོད་བཤེར་ནང་ འབྲེལ་བ་ཡོད་མི་ཚུ་ག་ར་ གོ་གནས་ཅན་ཚུ་ཨིན་པའི་ཁར་ ཁོང་ཆ་ཁྱབ་ ག་གིས་ཡང་ ངོ་ཤེས་ནི་དེ་གིས་ གསང་དགོ་པའི་གནད་དོན་ཅིག་ཡང་ མ་མཐོང་ཟེར་ བརྡ་བརྒྱུདཔ་ཅིག་གིས་ སླབ་ཨིན་པས།

ཞི་གཡོགཔ་ཨིན་མི་ རིན་ཆེན་གྱིས་ཡང་ ཉེས་འཛུགས་ཅན་ཚུ་ མིང་གཏམ་ཅན་གྱི་ གོ་གནས་འཆང་མི་ཚུ་ཨིནམ་ལས་ ཁྲིམས་ འདུན་ལུ་ འགྱོ་བའི་སྐབས་ཀྱི་ པར་བཏབ་མ་བཅུག་རུང་ ཁོང་གི་པར་ཚུ་ མི་སྡེ་བརྡ་བརྒྱུད་ནང་ལས་ འཚོལ་འཐོབ་ནི་དེ་གིས་ བརྡ་བརྒྱུདཔ་ཚུ་ལུ་ པར་བཏབ་མ་བཅུག་མི་དེ་ ཁུངས་ལྡན་ཅིག་ མི་མཐོང་པས་ཟེར་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *