གྱི་བླུགས་བྱིན་མི་ ཕོ་སྐྱེས་ཅིག་ལུ་ བཙོན་ཁྲིམས་ལོ་༥ ལས་༩ གི་ བར་ན་ བཀལ་ཡོདཔ།

༉ ལྷུན་རྩེ་རྫོང་ཁག་ བུ་དུར་གཡུས་ཚན་ནང་ ཕོ་སྐྱེས་༤ གི་བར་ན་ འཐབ་འཛིང་འབདཝ་ད་ གྱི་བླུགས་བྱིན་མི་ ཕོ་སྐྱེས་ཅིག་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བཙོན་ཁྲིམས་ལོ་༥ ལས་༩ བར་ན་བཀལ་བའི་ཁར་ རྒུད་འཐུས་སྤྲོད་དགོཔ་སྦེ་ ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལས་ ངོ་ཚབ་འགོ་དཔོན་ ཚེ་རིང་རྡོ་རྗེ་གིས་ ཁྲིམས་ཀྱི་འདུན་སར་ ཉེས་འཛུགས་བཀལ་མིའི་ནང་ སྤྱི་ཟླ་༩ པའི་ཚེས་༡༠ གི་ཕྱི་རུ་ སྨིན་རྗེ་རྒེད་འོག་ བུ་དུར་གཡུས་ཚན་ནང་ སྐྱེས་ལོ་༢༦ ལང་མི་ ཉེས་འཛུགས་ཅན་ བསོད་ནམས་སྟོབས་རྒྱས་དང་ སྐྱེས་ལོ་༢༠ འབད་མི་ བཀྲིས་ཕུན་ཚོགས་ ཉམས་རྒུདཔ་ཚེ་རིང་རྡོ་རྗེ་ དེ་ལས་ རྟ་མགྲིན་རྡོ་རྗེ་ཚུ་ ཆང་འགྲངས་པའི་ཤུལ་ལས་ འཐབ་འཛིང་འབད་ནུག་ཟེར་ཨིན་པས།
དེ་ཡང་ བསོད་ནམས་སྟོབས་རྒྱས་ཀྱིས་ ཉམས་རྒུདཔ་ཚེ་རིང་རྡོ་རྗེ་གི་ རྣམ་ཅོ་གཡསཔ་གི་ལྟག་དང་ ཟ་ལྟབ་གཡོན་ ལགཔ་གཡསཔ་དང་གཡོནམ་གི་མཛུབ་མོ་ ཕྱག་ལྟག་གཡསཔ་ དེ་ལས་ མིག་ཏོ་གཡོན་པའི་ལྟག་ལུ་ གྱི་བླུགས་བྱིན་ཏེ་ རྨ་བཏོན་ཁྲག་བཏོན་ འབད་ནུག་ཟེར་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་དང་འཁྲིལ་བ་ཅིན་ རྨ་བཏོན་ཁྲག་བཏོན་འབད་མི་དེ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དགོངས་དོན་དང་འཁྲིལཝ་ད་ དང་བླངས་རྟོགས་མེད་གདོང་ཐུག་གི་གནོད་འགེལ་ཨིནམ་ལས་ དབྱེ་རིམ་༣ པའི་ ཉེས་ཁྲིམས་དམའ་ཤོས་ལོ་༥ ལས་ མཐོ་ཤོས་༩ འོག་རྒྱུ་ སྨིན་དགོཔ་ཨིན་པས།
དེ་བཟུམ་སྦེ་ སྐྱེས་ལོ་༢༠ ལང་མི་ བཀྲིས་ཕུན་ཚོགས་ལུ་ ཉེས་པ་ཡང་ཕྲའི་ ཉེས་འཛུགས་དམའ་ཤོས་ཟླཝ་༡ ལས་ མཐོ་ཤོས་ལོ་༡ ཚུན་བཀལ་དགོ་མི་དེ་ ཁོ་ར་ཆང་འགྲངས་ཏེ་ ལམ་འོག་ལས་མར་ རྦོབ་རིལ་སོང་བའི་ཤུལ་ ཧད་བཏགས་འཚོལ་ཏེ་ བསོད་ནམས་སྟོབས་རྒྱས་ལུ་ རྡོ་བླུགས་བྱིན་མི་ལུ་བརྟེན་ཨིན་པས།
འཐབ་འཛིང་འབད་དགོ་པའི་གནད་དོན་ངོ་མ་ར་ ས་གནས་བུ་དུར་ལུ་ ཉེས་འཛུགས་འབད་མི་ བསོད་ནམས་སྟོབས་རྒྱས་དང་ བཀྲིས་ཕུན་ཚོགས་ དེ་ལས་ ཉམས་རྒུདཔ་འཕྲིན་ལས་ཚེ་རིང་དང་ རྟ་མགྲིན་རྡོ་རྗེ་ཚུ་གིས་ གཡུས་ཁའི་ཁྱིམ་ཅིག་ནང་ལས་ ཨ་རག་དམ་སྦྱིས་༥ འཐུང་ཡོདཔ་ཨིན་པས།
དེ་བསྒང་ བཀྲིས་ཕུན་ཚོགས་ཆང་འགྲངས་ཡོདཔ་ལས་ བསོད་ནམས་སྟོབས་རྒྱས་ཀྱིས་ བཟུང་སྟེ་འགྱོཝ་ད་ རྒྱབ་ཁ་ཐུག་རྦོབ་རིལ་སོཔ་ལས་ བཀྲིས་ཕུན་ཚོགས་ཀྱིས་ ཧད་བཏགས་འཚོལ་ཏེ་ བསོད་ནམས་སྟོབས་རྒྱས་ཀྱི་ བྱང་ཁོག་གུ་ རྡོ་བླུགས་ཏེ་ འཐབ་འཛིང་འབདཝ་ད་ རྟ་མགྲིན་ཚེ་རིང་གིས་ ཁ་འཕྱལ་བཏང་རུང་ འབད་མ་ཚུགསཔ་ལས་ ཉམས་རྒུདཔ་འཕྲིན་ལས་ཚེ་རིང་གིས་ ཁ་འཕྱལ་གཏང་ནི་ལུ་ ཆ་རོགས་འབད་ནུག།
ཉམས་རྒུདཔ་འཕྲིན་ལས་ཚེ་རིང་གིས་ བཀྲིས་ཕུན་ཚོགས་དང་ བསོད་ནམས་སྟོབས་རྒྱས་༢ ཀྱི་བར་ན་འཛུལ་ཏེ་ ཁ་འཕྱལ་བཏང་པའི་ཤུལ་ བཀྲིས་ཕུན་ཚོགས་དང་ ཁ་སླབ་སྡོད་པའི་བར་ན་ རྒྱབ་ཁར་ལས་ བསོད་ནམས་སྟོབས་རྒྱས་ཀྱིས་ གྱི་བླུགས་བྱིན་ནུག།
ལྷག་པར་དུ་ ཉེས་འཛུགས་ཅན་བསོད་ནམས་སྟོབས་རྒྱས་དང་ བཀྲིས་ཕུན་ཚོགས་ དེ་ལས་ རྟ་མགྲིན་རྡོ་རྗེ་ཚུ་ སྨྱོ་རྫས་ཀེ་ཧང་ སྤྱོད་ཡོདཔ་ཨིན་པས།
ཉམས་རྒུདཔ་དེ་ ལྷུན་རྩེ་སྨན་ཁང་ནང་ བསྐྱལ་བའི་ཤུལ་ལུ་ སྨན་བཅོས་འབད་དེ་ དྲག་ཡོདཔ་ད་ ཉེས་འཛུགས་ཅན་༢ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་དེ་ རྩོད་བཤེར་གྱི་དོན་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་ བཏང་ཡོད་པའི་གནས་ཚུལ།

ལྷུན་རྩེ་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *