གོ་མཚོན་ཁ་དུ་བ་ འཆང་སྤྱོད་དང་ རི་དྭགས་སེམས་ཅན་བསད་མི་ལུ་བརྟེན་ ཕོ་སྐྱེས་ཅིག་ལུ་ བཙོན་ཁྲིམས་ལོ་༣ བཀལ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ཁྲིམས་འདུན་གྱིས་ ཁྲིམས་འགལ་ཐོག་ གོ་མཚོན་ཁ་དུ་བ་ འཆང་སྤྱོད་འབད་མི་དང་ རི་དྭགས་སེམས་ཅན་བསད་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༦ ལང་མི་ ཕོ་སྐྱེས་ཅིག་ལུ་ ཁྲིམས་འཐུས་བཏབ་མ་ཆོག་པའི་ བཙོན་ཁྲིམས་ལོ་༣ བཀལ་ནུག།

སྤྱི་ཟླ་༡༡ པའི་ཚེས་༢༢ ལུ་བཏོན་མི་ འཁྲུན་ཆོད་དང་འཁྲིལཝ་ད་ ཁྲིམས་འདུན་གྱིས་ རྩོད་ཟླའི་ཆ་རོགས་༢ ལུ་ཡང་ ཁྲིམས་འགལ་ཐོག་ རི་དྭགས་སེམས་ཅན་བསད་ཡོད་མི་ལུ་བརྟེན་ བཙོན་ཁྲིམས་ཟླཝ་༦ རེ་ བཀལ་ཡོདཔ་ཨིན་པས།

འཁྲུན་ཆོད་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ཁ་དུ་བ་དེ་ རྩོད་ཟླའི་ཨ་པ་གི་ཨིན་རུང་ ཁོ་གིས་ བྱུང་རྐྱེན་བྱུང་བའི་ནུབ་མོར་ ཁ་དུ་བ་དེ་ ཁོ་གི་བུ་གིས་ རི་དྭགས་སེམས་ཅན་བདའ་ནིའི་དོན་ལུ་ འབག་ཡོད་པའི་སྐོར་ ཤེས་རྟོགས་མ་བྱུངམ་ཨིན་པས།

རྩོད་ཟླའི་ཨ་པ་ལུ་ གོ་མཚོན་གྱི་ ཆོག་ཐམ་ཡོད་རུང་ ཁོ་གིས་ སྣང་མེད་བཞག་ཐོག་ བདག་འཛིན་ལེགས་ཤོམ་སྦེ་ མ་འཐབ་མི་ལུ་བརྟེན་ འཁྲུན་ཆོད་བཏོན་པའི་ ཉིནམ་༡༠ གྱི་ནང་འཁོད་ལུ་ ཉེས་བྱ་དངུལ་ཀྲམ་༡,༠༠༠ བཏབ་དགོ་པའི་ འཁྲུན་ཆོད་བཏོན་ནུག།

དུས་ཅི་ སྤྱི་ཟླ་༤ པའི་ཚེས་༧ ལུ་ བསམ་གྲུབ་ལྗོངས་མཁར་གྱི་ ནགས་ཚལ་དང་གླིང་ཁ་ཞབས་ཏོག་ཡིག་ཚང་ནང་ སྤྱི་ཟླ་༤ པའི་ཚེས་༦ ལུ་ བདེ་བ་ཐང་རྒེད་འོག་ གེ་ཟོར་ལུ་ དོགས་པ་ཅན་ཕོ་སྐྱེས་༣ ཀྱིས་ ཁ་དུ་བ་ལག་ལེན་འཐབ་ཐོག་ ཀ་ཤ་བསད་ཡོད་པའི་ གསང་བའི་སྙན་ཞུ་ཐོབ་མི་དང་བསྟུན་ ཞིབ་དཔྱད་སྡེ་ཚན་ཅིག་ བདེ་བ་ཐང་ལུ་ བཏང་ཡོདཔ་ཨིན་པས།

སྡེ་ཚན་གྱིས་ ཞིབ་དཔྱད་འབད་བའི་སྐབས་ དོགས་པ་ཅན་ཚུ་གིས་ ཁ་དུ་བ་ལག་ལེན་འཐབ་ཐོག་ ཀ་ཤ་བསད་མི་དེ་ ངེས་བདེན་ཨིན་པའི་ ཤེས་རྟོགས་བྱུང་ཡོདཔ་བཞིན་དུ་ སྡེ་ཚན་གྱིས་ དོགས་ཅན་ཚུ་ལས་ ཀ་ཤའི་པགས་ཀོ་དང་ ཁ་དུ་བ་དེ་ ཕྱོགས་བཟུང་འབད་ཡོདཔ་ད་ དོགས་ཅན་ཚུ་གིས་ ཀྲོབ་མདའ་མུ་ཟཱལ་ཨི་ལོ་ཌར་རི་ཕཱལ་ཟེར་མི་དེ་ ལག་ལེན་འཐབ་ཡོདཔ་ཨིན་པས།

དོགས་པ་ཅན་ཚུ་གིས་ ཁ་དུ་བ་ལག་ལེན་འཐབ་མི་དེ་ འབྲུག་གི་གོ་མཚོན་དང་ རྫས་མདེའུ་བཅའ་ཁྲིམས་༡༩༩༠ ཅན་མ་དང་ འགལ་བ་ཨིནམ་ལས་ གནད་དོན་དེ་ སྤྱི་ཟླ་༤ པའི་ཚེས་༢༩ ལུ་ ནགས་ཚལ་དང་ གླིང་ག་ཞབས་ཏོག་ཡིག་ཚང་གི་ འགོ་དཔོན་ཚུ་གིས་ ཁྲིམས་སྲུང་འགག་པ་ལུ་ བཏང་ཡོདཔ་མ་ཚད་ ཀ་ཤའི་པགས་ཀོ་དང་ ཁ་དུ་བ་ཡང་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།

ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་སྐབས་ སྤྱི་ཟླ་༤ པའི་ཚེས་༦ ལུ་ སྐྱེས་ལོ་༣༤ དང་ སྐྱེས་ལོ་༢༩ ལང་མི་ དོགས་ཅན་ཕོ་སྐྱེས་༢ རྩོད་ཟླའི་ཁྱིམ་ནང་ སོང་ཡོདཔ་བཞིན་དུ་ ཁོ་གིས་ དོགས་ཅན་༢ ལུ་ ཨ་པའི་མིང་ཐོ་ཁར་ཡོད་མི་ ཁ་དུ་བ་དེ་ ཉམས་བཅོས་འབད་རན་ནུག་ཟེར་ སླབ་ཡོད་པའི་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།

དོགས་པ་ཅན་གཞན་མི་༢ ཀྱིས་ དེ་ཚེ་ རྩོད་ཟླའི་ཨ་པ་དེ་ ཁྱིམ་ནང་མེདཔ་ཨིནམ་ ཤེས་རྟོགས་བྱུང་ནི་དེ་གིས་ ཁོང་༢ ཀྱིས་ གེ་ཟོར་ལུ་ ལེ་ཀོ་བདའ་བར་འགྱོ་ནིའི་ གྲོས་བསྟུན་འབད་བའི་སྐབས་ ཁོང་༣ ཆ་ར་ ཁ་འཆམ་ལས་ ནུབ་མོའི་ཆུ་ཚོད་ཕྱེད་དང་༩ དང་༩ འི་བར་ན་ ཁ་དུ་བ་འབག་སྟེ་ སོང་ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག།བསམ་གྲུབ་ལྗོངས་མཁར།

About admin

Check Also

རྩི་རང་གི་ ས་གནས་གཞུང་གི་བཙག་འཐུའི་ནང ཁས་བླངས་གཙོ་བོ་ ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ རྩི་རང་སྟོད་ཀྱི་ ས་གནས་གཞུང་གི་འདེམས་ངོ་སྦེ་ གདམ་འཐུ་གྲུབ་མི་༡༡ ཡོདཔ་བཞིན་དུ་ ག་རང་གིས་ ཆུའི་དཀའ་ངལ་བསལ་ནི་ལུ་ གཙོ་རིམ་བཟུང་ཡོདཔ་མ་ཚད་ ཞིང་ཆུ་ལངམ་སྦེ་ མཁོ་སྤྲོད་འབད་ནི་ཨིན་པས། ཨིན་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་བ་ཅིན་ ཧེ་མ་ཡང་ འདེམས་ངོ་ཚུ་ བཙག་འཐུ་གྲུབ་ཞིནམ་ལས་ …

Leave a Reply

Your email address will not be published. Required fields are marked *