གྲོས་འཛོམས་ནང་ བཅའ་མར་གཏོགས་མི་ གཞི་རྟེན་ཤེས་ཡོན་གྱི་ སློབ་སྟོན་པ་ཚུ།

གོ་བསྡུར་གྲོས་འཛོམས་ཀྱིས་ གཞི་རྟེན་ཤེས་ཡོན་སློབ་སྟོན་པ་ཚུ་ལུ་ རིག་རྩལ་གསརཔ་ཐོབ་ཡོདཔ།

༉ ཆུ་ཁ་རྫོང་ཁག་ སྐྱབས་ཆ་ལས་ དབྱངས་སྐྱིད་ཀྱིས་ མོ་རའི་གཡུས་ཁ་ལུ་ གཞི་རྟེན་ཤེས་ཡོན་ སློབ་སྟོན་པ་འབད་དེ་ ད་རེས་འབདཝ་ད ལོ་༡༧ དེ་ཅིག་ ལང་ཡོདཔ་ཨིན་པས།
དབྱངས་སྐྱིད་ཀྱིས་ སྤྱི་ལོ་༢༠༠༠ ལུ་ སློབ་རིམ་༡༠ པ་མཇུག་བསྡུ་སྟེ་ སློབ་སྟོན་པའི་ ལཱ་གཡོག་ནང་ འཛུལ་ཞུགས་འབད་བའི་སྐབས་ གློག་རིག་ཡོངས་འབྲེལ་དང་ ཀམ་པུས་ཊར་གྱི་ ཞབས་ཏོག་དེ་ ཉུང་སུ་ཅིག་ལས་མེདཔ་ཨིན་པས།
མོ་གིས་འབད་བ་ཅིན་ མོ་སློབ་སྟོན་པ་ཅིག་འབད་རུང་ གློག་རིག་ནང་ མོ་རའི་ཡོངས་འབྲེལ་ཁ་བྱང་ར་བཟོ་མ་ཤེས་པའི་ཁར་ མོ་ལུ་ གློག་རིག་ཡོངས་འབྲེལ་གྱི་ ཁ་བྱང་ཚུ་མེད་ཟེར་ཨིན་པས།
སྐྱེས་ལོ་༣༧ ལང་མི་ འདས་པའི་ཉིནམ་དག་པ་ཅིག་གི་ཧེ་མར་ མོ་གིས་ ཡོངས་འབྲེལ་ནང་ ཁ་བྱང་ཚུ་བཟོ་ཡོདཔ་ད་ དེ་ཡང་
ད་རེས་འགོ་འདྲེན་འཐབ་མི་ བརྡ་དོན་འཕྲུལ་རིག་གི་ སྦྱོང་བརྡར་ལས་རིམ་གྱིས་ དུས་རབས་༢༡ པའི་ནང་ཡོད་པའི་ གཞི་རྟེན་ཤེས་ཡོན་སློབ་སྟོན་པ་ཚུ་ལུ་ པེ་ཊ་གོ་གི་དང་ ཨེན་ཌ་གོ་གི་གི་རིམ་ལུགས་ སློབ་སྟོན་ཚུ་ལུ་ ཕན་ཐོགས་བྱུང་ཡོདཔ་ད་ མོ་གིས་ ད་ལས་པར་ སྙན་ཞུ་ཚུ་ གློག་རིག་ཡོངས་འབྲེལ་ཐོག་ལས་ བསྐྱལ་ཚུགས་ནི་མས་ཟེར་ཨིན་པས།
སྤྱི་ལོ་༢༠༡༨ ཀྱི་ འབྲུག་ཟམ་ལས་འགུལ་འོག་ལུ་ ཀོ་རི་ཡཱན་རྒྱལ་ཡོངས་ལྷན་ཚོགས་ཀྱིས་ འཛམ་གླིང་སྤྱི་ཚོགས་ཤེས་ཡོན་དང་ཚན་རིག་ལམ་སྲོལ་ལས་སྡེའི་ ལྕོགས་གྲུབ་ཡར་སེང་གཏང་ཐབས་ལུ་ མ་དངུལ་གྱི་རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
གྲོས་འཛོམས་དེ་ནང་ ཆུ་ཁ་ བསམ་རྩེ་ མོང་སྒར་ བཀྲིས་སྒང་དང་ པདྨ་དགའ་ཚལ་རྫོང་ཁག་ཚུ་ གདམ་འཐུ་འབད་ཡོདཔ་ད་ རྫོང་ཁག་༥ གདམ་འཐུ་འབད་མི་དེ་ཡང་ སློབ་སྟོན་པའི་གྱངས་ཁ་དང་ འབྲི་ལྷག་ཤེས་ཡོན་གྱི་ གནས་ཚད་ལུ་ གཞི་བཞག་སྟེ་ཨིན་པས།
གྲོས་འཛོམས་ནང་ ཆུ་ཁ་ལས་ སློབ་སྟོན་པ་༢༥ གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ གཞི་རྟེན་ཤེས་ཡོན་དང་ ལས་རིམ་འགོ་དཔོན་གོངམ་ དཔལ་སྒྲོན་གྱིས་ འབད་བ་ཅིན་ གྲོས་འཛོམས་འགོ་འདྲེན་འཐབ་དགོ་པའི་ དམིགས་དོན་གཙོ་བོ་ར་ བཅའ་མར་གཏོགས་མི་ཚུ་ལུ་ ལྷབ་སྦྱང་མ་འདྲ་བའི་ ཤེས་ཡོན་ཐོབ་ཐབས་ལུ་ཨིན་ཟེར་ཨིན་པས།
ལས་རིམ་འགོ་འདྲེན་པ་གིས་ སླབ་མིའི་ནང་ གྲོས་འཛོམས་དེ་གི་ དམིགས་ཡུལ་དེ་ གཞི་རྟེན་ཤེས་ཡོན་གྱི་ ཧེ་མའི་ལམ་སྲོལ་གྱི་ སློབ་སྟོན་ཐབས་བྱུས་ཚུ་ བསྒྱུར་བཅོས་འབད་ཐབས་ལུ་ ཨིན་ཟེར་ཨིན་པས།
གྲོས་འཛོམས་ནང་ ཉན་ནི་དང་ སླབ་ནི་ ལྷག་ནི་ དེ་ལས་ འབྲི་ནི་ཚུ་ལུ་ གཙོ་བོར་བཏོན་དོ་ཟེར་ཨིནམ་ད་ དཔལ་སྒྲོན་གྱིས་འབད་བ་ཅིན་ སློབ་སྟོན་པ་ཚུ་ལུ་ གཞི་རྟེན་ཤེས་ཡོན་གྱི་ སྲིད་བྱུས་དང་ ཁྲིམས་ལུགས་ དེ་ལས་ འགན་ཁུར་ཚུ་གི་སྐོར་ལས་ དྲན་གསོ་འབད་དོ་ཟེར་ཨིན་པས།
རང་སོའི་ས་གནས་དང་འཁྲིལ་ཏེ་ སློབ་སྟོན་འབད་ཐངས་དང་ ལོ་བསྟར་སློབ་སྟོན་འཆར་གཞི་བཟོ་ཐངས་ཚུ་ཡང་ གྲོས་འཛོམས་ནང་ གྲོས་བསྡུར་འབད་ཡི་ཟེར་ཨིན་པས།
གཞི་རྟེན་ཤེས་ཡོན་གྱི་ སློབ་སྟོན་པ་ སྐྱེས་ལོ་༣༦ ལང་མི་ སྐལ་བཟང་སྒྲོལ་མ་གིས་ སླབ་མིའི་ནང་ མོ་གིས་ ཧེ་མ་དེ་བཟུམ་གྱི་སྦྱོང་བརྡར་ནང་ བཅའ་མར་མ་གཏོགས་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ འགོ་ཐོག་དང་པ་ སློབ་སྟོན་པའི་ འགན་ཁུར་འབག་སྟེ་ ལཱ་འབདཝ་ད་ སློབ་སྟོན་འཆར་གཞི་བཟོ་ནི་ལུ་ ལཱ་ཁག་བཏང་པའི་ཁར་ ལོ་ན་རྒས་ཤོས་ཚུ་ལུ་ སློབ་སྟོན་འབད་ནི་དེ་ ལཱ་ཁག་འདུག་ཟེར་ཨིན་པས།
སློབ་རིམ་༡༢ པ་ མཐར་འཁྱོལ་མི་ སྐལ་བཟང་སྒྲོལ་མ་དེ་ དར་ལ་གཞི་རྟེན་ཤེས་ཡོན་གྱི་ སློབ་སྟོན་པ་ཨིནམ་ད་ མོ་གིས་འབད་བ་ཅིན་ དེ་བཟུམ་མིའི་ གྲོས་འཛོམས་དེ་ ལྕོགས་གྲུབ་ཡར་རྒྱས་གཏང་ནི་ལུ་ གལ་གནད་ཅན་ཅིག་ ཨིན་མས་ཟེར་ཨིན་པས།
སློབ་རིམ་༡༠ པ་ མཐར་འཁྱོལ་མི་ སྐྱེས་༣༧ ལང་མི་ མཆོག་སྤྲུལ་རྣམ་རྒྱལ་དེ་ དར་ལ་སིན་ཅུ་ལ་ གཞི་རྟེན་ཤེས་ཡོན་གྱི་ སློབ་སྟོན་པ་ཨིནམ་ད་ ཁོ་གིས་ སྦྱོང་བརྡར་ནང་བཅའ་མར་གཏོགས་མི་ལུ་བརྟེན་ སློབ་སྟོན་འབད་ཐངས་ཀྱི་ རིག་རྩལ་ཐོབ་ཅི་ཟེར་ཨིན་པའི་ཁར་ ཁོ་ར་ ཐག་རིང་ཤེས་ཡོན་གྱི་ སློབ་སྦྱོང་འཕྲོ་མཐུད་ འབད་ནིའི་འཆར་གཞི་ཡོདཔ་ཨིན་པས།
སྐྱེས་ལོ་༧༣ ལང་མི་གསེར་ཅུང་དེ་ གཞི་རྟེན་ཤེས་ཡོན་གྱི་ སློབ་སྟོན་པ་ རྒན་ཤོས་ཅིག་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ཧེ་མ་དང་ ད་རེས་ནངས་པའི་སློབ་སྟོན་འབད་ཐངས་གཉིས་ལུ་ ཁྱད་པར་སྦོམ་འདུག་ཟེར་ཨིནམ་ད་ གསེར་ཅུང་གིས་ སྤྱི་ལོ་༡༩༩༣ ལས་ གཞི་རྟེན་ཤེས་ཡོན་གྱི་ སློབ་སྟོན་པའི་ འགན་ཁུར་འབག་ཡོདཔ་ཨིན་པས།
ཁོ་གིས་ གྲོས་འཛོམས་ནང་ བཅའ་མར་གཏོགས་ཏེ་ རིག་རྩལ་གསརཔ་ཐོབ་ཡོདཔ་མ་ཚད་ ཁོ་ར་ དགོངས་ཞུ་མ་བཏང་ཚུན་ སློབ་སྟོན་འབད་ནི་ཟེར་ཨིནམ་ད་ གསེར་ཅུང་དེ་ ཆུ་ཁ་རྫོང་ཁག་ བོང་སྒོ་རྒེད་འོག་ དམ་སྦྱིས་གཡུས་ཚན་གྱི་ སློབ་སྟོན་པ་ཨིནམ་པས།
དགེ་འདུ་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་དབུ་འཛིན་འོགམ་ ཚེ་བརྟན་རྡོ་རྗེ་དེ་ གྲོས་འཛོམས་ནང་ སྦྱོང་བརྡར་བྱིན་མི་ཨིན་པའི་ཁར་ ཁོ་གིས་འབད་བ་ཅིན་ སྦྱོང་བརྡར་ལུ་བརྟེན་ སློབ་སྟོན་འབད་ཐངས་ཀྱི་ བསྒྱུར་བཅོས་འབད་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གོ་སྐབས་བྱིན་པ་ཅིན་ གཞི་རྟེན་ཤེས་ཡོན་གྱི་ སློབ་སྟོན་པ་ཚུ་གིས་ སྤྲོ་བ་བསྐྱེད་དེ་ འབྲེལ་གཏོགས་འབད་དོ་ཡོདཔ་ལས་ རིག་རྩལ་གོང་འཕེལ་བཏང་ཚུགས་པས་ཟེར་ཨིན་པས།
བདུག་ཕྲག་གཅིག་གི་རིང་ལུ་ འགོ་འདྲེན་འཐབ་མིའི་ གོ་བསྡུར་གྲོས་འཛོམས་དེ་ སྤྱི་ཟླ་༡༢ པའི་ཚེས་༤ ལུ་མཇུག་བསྡུ་ཡོདཔ་ད་ གྲོས་འཛོམས་ནང་བཅའ་མར་གཏོགས་མི་༢༥ ཡོད་མི་ལས་༡༧ ཨམ་སྲུ་སློབ་སྟོན་པ་ཚུ་ ཨིན་པའི་གནས་ཚུལ།

ར་ཇེས་རའི་དང་ རྣམ་རྒྱལ་དབང་མོ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *