གོ་བརྡ་ལས་རིམ་བ་ ཉེས་ཆད་ལུ་ གཙོ་རིམ་སྒྲིག་དགོ་པའི་ མངོན་གསལ།

༉ འབྲུག་འདི་གཙང་སྦྲ་ཅན་དང་ མཐའ་འཁོར་གནས་སྟངས་ཉམས་སྲུང་ཅན་གྱི་ རྒྱལ་ཁབ་ཅིག་སྦེ་ གནས་ཏེ་ཡོད།

ཨིན་རུང་ མིང་གནས་གཉིས་ གཅིག་མཐུན་བཟོ་མ་ཚུགས་པ་ཅིན་ དེ་ཡང་ རྒྱལ་ཁབ་ལུ་ སྐྱོན་བརྗོད་ཀྱི་ གཞི་ཅིག་ལས་ མི་འོང་ནི་མས།

ག་དེ་སྨོ་ཟེར་བ་ཅིན་ རྒྱལ་ཁབ་ནང་ ད་ལྟོའི་བར་ན་ཡང་ ཕྱགས་སྙིགས་དང་འབྲེལ་བའི་ དཀའ་རྙོག་དེ་ འཕྲོ་མཐུད་དེ་ར་ ཐོན་དང་ཐོན་བཞིན་དུ་ཡོདཔ་ལས་ དཀའ་རྙོག་དེ་ ནམ་བསལ་ཚུགས་ནི་ཨིན་ན་ གཏན་འཁེར་མིན་ནུག།

སྤྱིར་བཏང་ རྒྱལ་ཁབ་ཀྱི་མི་སེར་ཡོངས་ལུ་ གོ་བ་བརྡ་སྤྲོད་ཚུ་ ཁྲོམ་ཚོགས་ལས་འགོ་བཙུགས་ ཐ་ན་ གྲོང་གསེབ་གཡུས་སྒོ་ཚུ་ནང་ཡང་ དར་ཁྱབ་སོང་སྟེ་འདུག།

ཨིན་རུང་ གོ་བརྡའི་ལས་རིམ་དེ་གིས་ རྒྱལ་ཁབ་དང་ མི་སེར་གྱི་བར་ན་ མཐུན་སྒྲིག་ལེགས་ལྡན་ཅིག་ བྱུང་མ་ཚུགས་པར་ལུས་ཏེ་ཡོདཔ་ཨིན།

འདས་པའི་ལོ་ངོ་ བཅུ་ཕྲག་གསུམ་དེ་ཅིག་གི་བརྩིས་ ཕྱགས་སྙིགས་ཀྱི་ དཀའ་ངལ་ཡོད་ལུགས་ཚུ་ ལོ་རྒྱུས་སླབ་སྟེ་ར་སྡོདཔ་མ་གཏོགས་ གཞུང་གི་ཁ་ཐུག་ལས་ ཐབས་བྱུས་ཚུ་བཏོན་ཏེ་འབད་རུང་ དེ་གིས་ཡང་ ཕན་ཐོགས་སྦོམ་ཅིག་ བྱུང་མ་ཚུགས་པའི་ བརྡ་མཚོན་གསལ་བཏོན་འབདཝ་མས།

ཕྱགས་སྙིགས་ཀྱི་ དཀའ་ངལ་བསལ་ཐབས་ལུ་ ཕྱིའི་རྒྱལ་ཁབ་ཚུ་ནང་ལས་ སྣུམ་འཁོར་དང་འབྲེལ་བའི་ མ་དངུལ་གྱི་ གྲོགས་རམ་ཚུ་ལེན་ཏེ་འབད་རུང་ ཕྱགས་སྙིགས་ཀྱི་ དཀའ་རྙོག་དེ་ ཐོན་བཞིན་དུ་ར་ཡོད་པའི་ མཐོང་གསལ་བྱུངམ་མས།

གཞུང་གིས་ ཟད་འགྲོ་ས་ཡ་ལས་བཅད་དེ་ ཁྲོམ་སྡེ་དང་ རྫོང་ཁག་ དྲུང་ཁག་ རྒེད་འོག་ཚུ་ནང་ བཏང་ཐོག་ལས་ འབད་བརྩོན་བསྐྱེད་དེ་འབད་རུང་ ཕྱོགས་ཕྱོགས་ཀྱི་ ས་གནས་ཁག་ཚུ་ནང་བལྟཝ་ད་ ཕན་སྦོམ་ཅིག་ཐོགས་མ་ཚུགས་པར་ ལུས་དོ་བཟུམ་འདུག།

ཕྱགས་སྙིགས་ཚུ་གི་གྲས་ལས་ རུལ་མ་བཏུབ་པའི་ཕྱགས་སྙིགས་ ཆུ་ཤོག་དང་ གྱིབ་དམ་ཚུ་ གཞུང་ལམ་གྱི་གཡས་གཡོན་ སྤྲོ་གར་ས་ཁོངས་ གླིང་ག་ སྤྲོ་སེང་གི་སྤང་ཐང་ ཁྲོམ་གྱི་བཙོག་གཡུར་ གཙང་ཆུ་ རོང་ཆུ་ཚུ་ ག་ར་གང་སྟེ་ཡོདཔ་མཐོངམ་མས།

འདི་ཚུ་ མཐའ་ཅིག་ཏུ་ བདག་འཛིན་འབད་ནི་དེ་ ག་ལུ་ཕོག་པའི་འགན་ཁུར་ཨིན་ན་ ལེགས་ཤོམ་སྦེ་ ཧ་གོ་དགོཔ་ཡོད།

མནོ་ནི་མེད་པའི་བྱ་སྤྱོད་དེ་ ཡུན་རིངམོ་སྦེ་ར་ ལག་ལེན་འཐབ་སྟེ་སྡོད་པ་ཅིན་ ནམ་ཅིག་གི་ཚེ་ རྒྱལ་ཁབ་ནང་ ཕྱགས་སྙིགས་ཀྱིས་ གང་ནིའི་ཉེན་ཁ་ཡང་ འཐོན་སྲིད་ནི་མས།

ཕྱགས་སྙིགས་བསྡུ་བསྒྱོམ་གྱི་ ལས་རིམ་དེ་གིས་ རྒྱལ་ཁབ་ཀྱི་ མི་སྡེའི་ནང་ ཕན་ཐོགས་མ་ཚུགས་པས་ ག་འཆརཔ་ཟེར་བ་ཅིན་ ཕྱགས་སྙིགས་བསྡུ་བསྒྱོམ་ལས་རིམ་ག་དེ་སྦེ་ འགོ་འདྲེན་འཐབ་སྟེ་འབད་རུང་ གྱུར་བ་མ་འགྱོ་བར་ལུས་ཏེ་འདུག།

གོ་བ་མེད་པའི་གླང་རྒན་ལ། །རྒྱལ་པོའི་བཀའ་ལས་བྱུག་པ་བཙན། །ཟེར་སླབ་སྲོལ་ཡོད་དོ་བཟུམ་སྦེ་ རྒྱལ་ཁབ་འདི་ གཙང་སྦྲ་ཅན་དང་ ཕྱགས་སྙིགས་མེདཔ་སྦེ་ སྡོད་དགོ་པ་ཅིན་ ཕྱགས་སྙིགས་དང་འབྲེལ་བའི་ ཉེས་བྱ་སྦོམ་སྦེ་ར་ བཀལ་ནི་མ་གཏོགས་ ཐབས་ལམ་གཞན་གྱིས་ ལང་ཤོར་ཐལ་ཟིན་པའི་མི་སྡེ་ལུ་ ཕན་ཐོགས་འབྱུང་ཚུགས་པ་ ལཱ་ཁག་འོང་ནི་མས།

འབྲུག་རྒྱལ་ཁབ་ནང་ མི་རློབས་འབུམ་བདུན་གྱི་ ས་ཁོངས་ནང་ ཕྱགས་སྙིགས་ཀྱི་ དཀའ་ངལ་བསལ་མ་ཚུགས་པ་ཅིན་ ཕྱིའི་རྒྱལ་ཁབ་ནང་ མི་རློབས་ས་ཡ་བརྒྱ་ལས་བཅད་དེ་ ཡོད་མི་ཚུ་ནང་ ལོ་རྒྱུས་སླབ་མི་ཚུགས་ནི་མས།

དེ་འབདཝ་ལས་ ཕྱོགས་ཕྱོགས་ལུ་ པར་ཆས་དང་འབྲེལ་བའི་ མཐུན་རྐྱེན་གཞི་བཙུགས་འབད་དེ་ གལ་སྲིད་ ཕྱགས་སྙིགས་བཀོག་ས་མཐོང་པ་ཅིན་ ངོ་རྐྱང་དེ་ལུ་ ཉེས་ཆད་ཚུ་ ལྷོད་ཡངས་མེད་པར་ གཅིག་མཚུངས་བསྟར་སྤྱོད་འབད་ནི་དང་ གཡུས་ཕྱོགས་གཅིག་ནང་ ལམ་ལུགས་གཅིག་གི་ཐོག་ལས་ དམ་སྒྲིང་འབད་བ་ཅིན་ དེ་གིས་ ཕན་ཐོགས་འབྱུང་ཚུགསཔ་འོང་། 

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *