གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་གིས་ ཁྱད་རིག་གོང་འཕེལ་གྱི་དོན་ལུ་ རྩ་གཞུང་གསརཔ་འགོ་བཙུགས་ནི།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་གསོ་བ་དང་ འཕྲོད་བསྟེན་ཚོགས་སྡེ་གིས་ ཌོག་ཊར་༣ དང་ སྨན་གཡོགམོ་ཚུ་གིས་ སྒྲིག་གཡོག་དང་འབྲེལ་བའི་ལཱ་ནང་ འཐུས་ཤོར་བྱུང་མི་དེ་ལུ་ བཀའ་བཀྱོན་འབད་བའི་ཤུལ་ལས་ མ་འོངས་པ་ལུ་ གནད་དོན་དེ་བཟུམ་ མི་འབྱུང་ནིའི་དོན་ལུ་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་གིས་ མཐོ་རིམ་གོང་མའི་ ཤེས་ཡོན་ནང་ རྩ་གཞུང་གསརཔ་ཅིག་ འགོ་བཙུགས་ནི་ཨིན་པས།
རྩ་གཞུང་གསརཔ་དེ་ཡང་ སྤྱི་ལོ་༢༠༡༨ ལས་ འགོ་བཙུགས་ནི་ཨིན་མིའི་ནང་ མཐོ་རིམ་གོང་མའི་ ཤེས་ཡོན་སྦྱང་མི་ ཌོག་ཊར་ཚུ་ལུ་ ཉམ་ཆུང་དང་ འཇམ་ཏོང་ཏོ་ཐོག་ལས་ འབྲེལ་བ་འཐབ་ཐངས་ཀྱི་ རིག་རྩལ་ཚུ་ སློབ་སྟོན་འབད་ནི་ཨིནམ་ད་ གེ་སར་རྒྱལ་པོ་གཙུག་ལག་སློབ་སྡེ་ཡང་ སྤྱི་ལོ་༢༠༡༤ ལུ་ གཞི་བཙུགས་འབད་ནུག།
རྩ་གཞུང་གསརཔ་དེ་གིས་ གསོ་བའི་ལམ་ལུགས་ནང་ བློ་འགྱོད་ཅན་གྱི་ སྟབས་མ་བདེཝ་བྱུང་མིའི་ གནད་དོན་ཚུ་ སེལ་ཐབས་འབད་ནི་ལུ་ ལྷན་ཐབས་འབྱུང་ནི་ཨིན་པས།
གཙུག་ལག་སློབ་སྡེའི་ སྒྲིག་འཛིན་འོགམ་ ཌོག་ཊར་ཀརྨ་བསྟན་འཛིན་གྱིས་ སླབ་མིའི་ནང་ གཙུག་ལག་སློབ་སྡེ་གིས་ ཌོག་ཊར་ཚུ་ལུ་ མི་ཚུ་དང་འབྲེལ་བ་འཐབ་ནིའི་ རིག་རྩལ་ཚུ་བྱིན་ཐོག་ལས་ ཁྱད་རིག་དང་ལྡན་པའི་ གསོ་བའི་འགོ་དཔོན་ཚུ་ ཡར་དྲག་གཏང་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གསོ་བའི་རིག་རྩལ་དང་ ཤེས་ཡོན་གྱིས་མ་དོ་བར་ ཌོག་ཊར་ཚུ་ལུ་ ཁ་འཇམ་ཏོང་ཏོ་སྦེ་ སླབ་ནིའི་རིག་རྩལ་བྱིན་པའི་ རྩ་གཞུང་ལུ་ ལཱ་ཚུ་འབད་ནི་ འགོ་བཙུགས་ཏེ་ཡོད་ཟེར་ཨིན་པས།
གསོ་བའི་འགོ་དཔོན་ཚུ་གིས་ བཤད་མིའི་ནང་ རྩ་གཞུང་གསརཔ་ཚུ་ཡང་ གསོ་བའི་འགོ་དཔོན་ག་ར་ལུ་ གཞུང་གིས་ རྒྱབ་སྐྱོར་ཐོག་ལས་ ཞལ་འཛོམས་འགོ་འདྲེན་འཐབ་སྟེ་ སློབ་སྟོན་འབད་ནི་དང་ ཁོང་གི་ ཁྱད་རིག་གོང་འཕེལ་གཏང་ནི་ལུ་ གཙོ་རིམ་བཟུང་དགོ་ཟེར་ཨིན་པས།
མི་ཚུ་དང་ འབྲེལ་བ་འཐབ་ཐངས་ཀྱི་ རིག་རྩལ་ཚུ་ སློབ་སྟོན་འབད་མི་དེ་གིས་ གསོ་བའི་འགོ་དཔོན་ཚུ་གིས་ སྨན་བཅོས་དང་འབྲེལ་བའི་ ལཱ་འབདཝ་ད་ འཐུས་ཤོར་བྱུང་མི་ཚུ་ སེལ་ཐབས་འབད་ཚུགས་ནི་ཨིན་པས།
སྦྱོང་ཚན་གསར་པའི་ནང་ ནདཔ་ཚུ་ལུ་ བྱམས་བརྩེའི་སྒོ་ལས་ སྨན་བཅོས་འབད་ནི་དང་ བསམ་ལན་ལམ་ལུགས་ཚུ་ བཙུགས་ཏེ་ཡོད་ཟེར་ ཌོག་ཊར་ཀརྨ་བསྟན་འཛིན་གྱིས་ བཤདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ད་རེས་ ཌོག་ཊར་ཚུ་གིས་ རང་ལུགས་ཐོག་ལས་ སྨན་བཅོས་འབད་བའི་སྲོལ་ཚུ་ བསྒྱུར་བཅོས་འགྱོ་ནི་ཨིནམ་མ་ཚད་ ཌོག་ཊར་དང་ ནདཔ་གི་བར་ན་ མཐུན་འབྲེལ་དང་ ཀུན་སྤྱོད་རྣམ་གཞག་ དེ་ལས་ ཁྱད་རིག་ཚུ་ལུ་ ལྷན་ཐབས་འབྱུང་ཚུགས་པའི་ཁར་ གསོ་རིག་གཙུག་སྡེ་གིས་ དང་འདོད་ཧྲིལ་བུ་བསྐྱེད་ཐོག་ལས་ ལཱ་འབད་དོ་ཟེར་ཨིན་པས།
སྒྲིག་འཛིན་འོགམ་གིས་འབད་བ་ཅིན་ གཤག་བཅོས་སྦོམ་ ག་ཅི་ར་རྐྱབ་རུང་ དུས་ཡུན་ཆུ་ཚོད་༤༨ ནང་འཁོད་ལུ་ ཉེན་ཁ་ཡོདཔ་ལས་ ནད་པའི་སྤུན་ཆ་དང་ བཟའ་ཚང་ཚུ་ལུ་ འཇམ་པའི་ཐོག་ལས་ འཁྲུལ་སྣང་ཅན་གྱི་ གནས་ཚུལ་ངན་པ་སླབ་དགོཔ་བྱུང་མི་ལུ་བརྟེན་ སྦྱོང་བརྡར་དང་ ཉམས་མྱོང་ལེགས་ཤོམ་ཚུ་དགོ་ཟེར་ཨིན་པས།
ཨིན་རུང་ གསོ་བའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ ནདཔ་ཚུ་དང་གཅིག་ཁར་ ལེགས་ཤོམ་སྦེ་ འབྲེལ་བ་འཐབ་ཐོག་ལས་ སྨན་བཅོས་འབད་ནི་ལུ་ དུས་ཚོད་མངམ་དགོ་པའི་ཁར་ ལཱ་ལེ་ཤ་ཡོད་མི་ལུ་བརྟེན་ ཌོག་ཊར་ཚུ་ལུ་ ཚ་གྱང་དང་ སྡུག་བསྔལ་ཕོགཔ་མས་ཟེར་ཨིན་པས།
རྒྱལ་ཁབ་ནང་ ནད་པའི་གྱངས་ཁ་ ལེ་ཤ་ཡོད་མི་ལུ་བརྟེན་ ཚུལ་ལྡན་སྦེ་ སྨན་བཅོས་འབད་མི་ཚུགས་དོ་ཡོདཔ་ད་ སྤྱིར་བཏང་ཌོག་ཊར་ཚུ་གིས་ ཉིན་བསྟར་བཞིན་དུ་ ནདཔ་༨༠ དེ་རེ་ བལྟ་དགོ་བྱུངམ་མས་ཟེར་ཨིནམ་ད་ ཕྱིའི་རྒྱལ་ཁབ་ནང་འབད་བ་ཅིན་ ཌོག་ཊར་ཚུ་གིས་ ཉིནམ་རེ་ལུ་ ནདཔ་༣༠ ལས་བརྒལ་ མི་བལྟ་བས་ཟེར་ཨིན་པས།
མཐོ་རིམ་གོང་མའི་ ཤེས་ཡོན་གྱི་ རྩ་གཞུང་ནང་ མི་དང་འབྲེལ་བ་འཐབ་ནིའི་ རིག་རྩལ་གྱི་ སྦྱོང་ཚན་བཙུགས་མི་ལུ་བརྟེན་ གསོ་བའི་ལམ་ལུགས་ནང་ སྟབས་མ་བདེཝ་ བྱུང་མི་ཚུ་ སེལ་ཚུགས་ནི་དང་ མ་འོངས་པ་ལུ་ བྱ་སྟབས་མ་བདེཝ་ཚུ་ མི་འཐོན་ནིའི་དོན་ལུ་ གཞུང་དང་ གསོ་རིག་གཙུག་ལག་སློབ་སྡེ་དང་ འབྲེལ་ཡོད་ལས་སྡེ་ཚུ་གིས་ སྦྱོང་བརྡར་ཚུ་ བྱིན་ནི་གི་ འགན་འཁྲི་འབག་དགོཔ་ཨིན་པས།
སྤྱི་ཟླ་༡༡ པའི་ཚེས་༨ ལུ་ འབྲུག་གསོ་བ་དང་འཕྲོད་བསྟེན་ཚོགས་སྡེ་གིས་ ཌོག་ཊར་༣ དང་ སྨན་གཡོགམོ་༣ བཀའ་བཀྱོན་དང་ ལོ་༢ ཀྱི་རིང་ སྦྱོང་བརྡར་དང་འབྲེལ་བའི་ གོ་སྐབས་གཞན་ཚུ་ནང་ ཐོབ་ལམ་མེདཔ་སྦེ་ གྲོས་ཐག་བཅད་ཡོདཔ་ཨིན་པས།
གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེའི་གཙོ་འཛིན་ ཌོག་ཊར་ཀེ་པི་ཚེ་རིང་གིས་ སླབ་མིའི་ནང་ ཌོག་ཊར་དང་ སྨན་གཡོགམོ་ཚུ་ ཚོགས་སྡེ་གིས་ བཀའ་བཀྱོན་གནང་མིའི་ཐད་ལུ་ ག་ནི་ཡང་ སླབ་ནི་མེདཔ་བཞིན་དུ་ ད་ཚུན་ ག་གིས་ཡང་ མཐོ་གཏུགས་འབད་བར་ མ་འོང་ཟེར་ཨིན་པས།
ཚོགས་སྡེའི་ ཡོངས་ཁྱབ་ཐོ་བཀོད་འགོ་དཔོན་ བསོད་ནམས་རྡོ་རྗེ་གིས་ སླབ་མིའི་ནང་ བཀའ་བཀྱོན་འབད་མི་ ཌོག་ཊར་དང་ སྨན་གཡོགམོ་ཚུ་ལས་ མཐོ་གཏུགས་འབད་མི་ ག་ཡང་མ་འོང་ཟེར་ཨིནམ་ད་ གནད་དོན་དེ་གི་སྐོར་ལས་ གསོ་བའི་མཁས་མཆོག་དང་ ཉམས་རྒུདཔ་གི་ སྤུན་ཆ་ཚུ་དང་ གྲོས་བསྟུན་འབད་ཡི་ཟེར་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *