བྱ་རིགས་གསརཔ་གེ་རིས་ཕཱུལ་ པི་རི་ནི་ཡ། པར- བྱ་རིགས་ལྟ་མི་དང་ ལམ་སྲོལ་གྱི་ ལྟ་བཤལ་སླབ་སྟོན་པ་ ཚུལ་ཁྲིམས།

གེ་རིས་ཕཱུལ་ པི་རི་ནི་ཡ་ཟེར་མི་ བྱ་རིགས་གསརཔ་ཅིག་ ངོས་འཛིན་འབད་ཡོདཔ།

༉ བྱ་རིགས་ལྟ་མི་ སྡེ་ཚན་ཅིག་གིས་ འཕྲལ་ཁམས་ཅིག་ཁར་ གེ་རིས་ཕཱུལ་ པི་རི་ནི་ཡ་ཟེར་མི་ བྱ་རིགས་གསརཔ་ཅིག་ རྒྱལ་ཁབ་ནང་ འགོ་དང་པ་ ཐོ་བཀོད་འབད་ནུག།
བྱ་རིགས་དེ་ཡང་ སྤྱི་ཟླ་༥ པའི་ཚེས་༡༣ ལུ་ ལོ་བསྟར་རྒྱལ་སྤྱི་བྱ་རིགས་ལྟ་ནིའི་ཉིནམ་ བརྩི་སྲུང་འབདཝ་ད་ བྱ་རིགས་ལྟ་མི་དང་ལམ་སྲོལ་གྱི་ ལྟ་བཤལ་སླབ་སྟོན་པ་ ཚུལ་ཁྲིམས་དང་ སྒོ་ནོར་ལས་ཁུངས་ཀྱི་ སྒོ་ནོར་རྒྱ་བསྐྱེད་ལྟ་རྟོག་པ་ ཀུན་བཟང་རྡོ་རྗེ་ དང་ རྒྱལ་ཡོངས་འགྲེམ་སྟོན་ཁང་ལས་ རྩིས་འཛིན་པ་བཙན་སྐྱོགས་དབང་འདུས་ དེ་ལས་ ལྟ་བཤལ་ལམ་སྟོན་པ་ ཀརྨ་༤ གིས་ མཐོང་ཡོདཔ་ཨིན་པས།
འཛམ་གླིང་རྒྱལ་སྤྱིའི་ བྱ་རིགས་ཉིནམ་ལུ་ སྡེ་ཚན་དེ་གིས་ ཐིམ་ཕུག་ལས་ དགེ་ལེགས་ཕུག་ཚུན་ བྱ་རིགས་ཚུ་བལྟ་བར་ སོང་ཡོདཔ་བཞིན་དུ་ ཉིནམ་དེ་ལུ་ རྒྱལ་ཁབ་ནང་འཁོད་ལས་ བྱ་རིགས་ལྟ་མི་༤༨ དེ་ཅིག་གིས་ རྫོང་ཁག་༡༠ ནང་ བྱ་རིགས་ཚུ་ བལྟ་ཡོདཔ་ཨིན་པས།
གེ་རིས་ཕཱུལ་ པི་རི་ནི་ཡ་བྱ་རིགས་དེ་ ས་དམའ་ས་དང་ ཆུ་ཡོད་པའི་རྩྭ་ཐང་དང་ དམིགས་བསལ་དུ་ ཧོན་སྡོང་ཚུ་ནང་ མཐོང་དོ་ཡོདཔ་བཞིན་དུ་ སྡེ་ཚན་གྱིས་ ཐོ་བཀོད་འབད་མི་དེ་བརྩིསཝ་ད་ ད་རེས་ བྱ་རིགས་བསྡོམས་༧༢༢ ལུ་ ལྷོད་ནུག།
རྒྱལ་ཁབ་ནང་ གེ་རིས་ཕཱུལ་ པི་རི་ནི་ཡ་དེ་ བྱ་རིགས་གསརཔ་སྦེ་ བུམ་ཐང་ལུ་ཡོད་པའི་ ཨོ་རྒྱན་དབང་ཕྱུག་མཐའ་འཁོར་དང་ ཉམས་སྲུང་སྤེལ་ཁང་གི་ འདབ་ཆགས་མཁས་མཆོག་ ཤེས་རབ་ཀྱིས་ ངོས་འཛིན་འབད་ནུག།
ལྟ་བཤལ་སླབ་སྟོན་པ་ ཚུལ་ཁྲིམས་ཀྱིས་ སླབ་མིའི་ནང་ བྱ་རིགས་གསརཔ་དེ་ སྤྱི་ཟླ་༥ པའི་ཚེས་༡༣ ལུ་ ཁོ་རའི་ སྡེ་ཚན་གྱིས་ བྱ་རིགས་བལྟ་བར་འགྱོ་བའི་སྐབས་ དགེ་ལེགས་ཕུག་ ཆུ་གཟར་སྒང་གི་ ཉེ་འདབས་ལུ་ མའོ་མཁོ་ལ་གཙང་ཆུ་གི་ ས་ཁོངས་ནང་ལས་ རྩྭ་ཤིང་ཅིག་ནང་ གེ་རིས་ཕཱུལ་ པི་རི་ནི་ཡ་༣ ཆགས་ཡོད་པའི་ མཐོང་ཅི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ བྱ་དེ་ཡང་ བྱ་རིགས་ཇི་ནུསི་ པི་རི་ནི་ཡ་དང་ པི་རི་ནི་ཡ་ ག་རིསི་ལིས་ཀྱི་ སྡེ་ཚན་ནང་ ཚུད་དོ་ཡོདཔ་བཞིན་དུ་ བྱ་རིགས་དེ་ སི་ཊི་མིན་ཊར་༡༡ དེ་ཅིག་ རིངམོ་སྦེ་ཡོདཔ་ད་ ཚོས་གཞི་ སྐྱ་ཐལ་དང་ རྒྱ་སྨུག་ དཀརཔོ་ཡོད་པའི་གུ་ མཇུག་མ་རྒྱ་འགྲམ་སྦེ་ འདུག་ཟེར་ཨིན་པས།
འདབ་ཆགས་མཁས་མཆོག་ ཤེས་རབ་ཀྱིས་ སླབ་མིའི་ནང་ དུས་ཅི་ འཛམ་གླིང་རྒྱལ་སྤྱིའི་བྱ་རིགས་དོན་ལུ་ བྱ་རིགས་གསརཔ་༡ ལས་བརྒལ་ ཐོ་བཀོད་འབད་མ་ཚུགས་ཟེར་ཨིནམ་ད་ ད་རེས་ མི་སྡེ་བརྡ་བརྒྱུད་ ཕེས་བུག་ནང་ འབྲུག་བྱ་རིགས་ཟེར་མི་ སྡེ་ཚན་ཅིག་ཡོདཔ་བཞིན་དུ་ ཁོང་གིས་ བྱ་རིགས་བལྟ་ནི་དང་ གྱངས་ཁ་རྐྱབ་ནི་ཚུ་ འགོ་བཙུགས་ཏེ་ ཡོད་ཟེར་ཨིན་པས།
སྤྱི་ཟླ་༣ པའི་ཚེས་༢༥ ལུ་ ཨོ་རེན་ཊཱལ་ པི་རི་ཊའི་ཀོ་ལི་དང་ ཨ་ནན་ཐི་ ཌེ་ཟཐི་བྱ་རིགས་༢ དང་ སྤྱི་ཟླ་༢ པའི་ནང་ རྒྱལ་གཞུང་མ་ནསི་གླིང་ཁ་གིས་ཡང་ ཡལ་ལོ་ཨའི་ བབ་ལར་༡ མཐོང་མི་དང་ ད་རེས་བརྩིསཝ་ད་ དུས་ཅི་གི་ལོ་ནང་ བྱ་རིགས་གསརཔ་༤ ཨོ་རྒྱན་དབང་ཕྱུག་མཐའ་འཁོར་དང་ ཉམས་སྲུང་སྤེལ་ཁང་གིས་ ཐོ་བཀོད་འབད་ནུག།
རྒྱལ་སྤྱིའི་བྱ་རིགས་མཁས་མཆོག་ཚུ་གིས་ བྱ་རིགས་གསརཔ་༧༧༠ ལྷགཔ་ཅིག་ཡོད་པའི་ ཚོད་རྩིས་བཏོན་མི་ལས་ འཕྲལ་ཁམས་ཀྱི་ ཐོ་བཀོད་འབད་མི་ཚུ་བརྩིསཝ་ད་ སྤེལ་ཁང་གིས་ བྱ་རིགས་གསརཔ་༧༢༢ དེ་ཅིག་ ཐོ་བཀོད་འབད་ཡོདཔ་ཨིན་པས།
བྱ་རིགས་ཀྱི་ཉིནམ་དེ་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་དོ་ཡོདཔ་ད་ འཛམ་གླིང་ནང་གི་ བྱ་རིགས་ལྟ་མི་ཚུ་གིས་ ཉིན་༡ ནང་ བྱ་རིགས་བལྟ་ནི་ལུ་ དོ་འགྲན་འབད་དོ་ཡོདཔ་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *