སྒང་མགོ་ལ་ སོ་ནམ་ཐོན་སྐྱེད་བཙོང་ཁང་།

གེ་ཟ་སྲིབ་བཙོང་སྟེ་ འོང་འབབ་ལེགས་ཤོམ་ བཟོ་ཚུགས་དོ་ཡོདཔ།

༉ སྐྱེས་ལོ་༤༠ ལང་མི་ བདེ་ཆེན་ཚེ་རིང་གིས་ ལོ་བསྟར་བཞིན་དུ་ གེ་ཟ་སྲིབ་བཙོང་སྟེ་ འོང་འབབ་བཟོ་མི་དེ་གིས་ བཟའ་ཚང་གསོ་སྐྱོང་འཐབ་ཚུགས་དོ་ཡོདཔ་ཨིན་པས།
ཁོ་གིས་ སྐམ་ཞིང་ཨེ་ཀར་ལྷགཔ་ཅིག་ནང་ གེ་ཟ་སོན་ཐེངས་༢ འཛུགས་སྐྱོང་འབད་མི་ལས་ འོང་འབབ་བཟོ་ཡོདཔ་ཨིན་རུང་ ལས་མི་ཚུ་ལུ་ ཉིན་བསྟར་གླ་ཆ་སྤྲོད་མ་དགོ་པར་ ལཱ་ཚབ་འབད་དོ་ཡོདཔ་ད་ ཨམ་སྲུ་ཚུ་ལུ་ གླ་ཆ་དངུལ་ཀྲམ་༥༠༠ དང་ ཕོ་སྐྱེས་ཚུ་ལུ་ དངུལ་ཀྲམ་༦༠༠ རེ་ སྤྲོད་དགོཔ་ཨིན་པས།
གེ་ཟ་སྲིབ་ཚུ་ཡང་ ཐིམ་ཕུག་དང་ ལྷུན་རྩེ་ དེ་ལས་ མོང་སྒར་གཞུང་ལམ་གསུམ་འཛོམས་པའི་ཟུར་ཁར་ སྒང་མགོ་ལ་ལུ་འབག་སྟེ་ བཙོང་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྐྱེས་ལོ་༦༠ ལང་མི་ པདྨ་སྒྲོལ་མ་ ཝང་མ་ཁར་གཡུས་ཚན་གྱིས་ སྲིབ་བཙོང་སྟེ་ འོང་འབབ་དངུལ་ཀྲམ་༡༠༠,༠༠༠ བཟོ་ཡོདཔ་མ་ཚད་ ད་ལྟོ་ ཐེངས་༢ པའི་ཐོན་སྐྱེད་ཚུ་ བཙོང་པའི་བསྒང་ཡོདཔ་ལས་ འོང་འབབ་དངུལ་ཀྲམ་༦༠,༠༠༠ གནས་པའི་ ཐོན་སྐྱེད་ཡོདཔ་ཨིན་པས།
དེ་ཡང་ སྐམ་ཞིང་དང་ ཆུ་ཞིང་གཉིས་བསྡོམས་ཨེ་ཀར་༤ ནང་ འཛུགས་སྐྱོང་འབད་དོ་ཟེར་ཨིན་པས།
འོང་འབབ་བཟོ་ཚུགས་མི་དེ་གིས་ ང་རའི་ ཨ་ལོ་༣ ཡོད་མི་ལས་ བུཚ་དང་ ཁོ་རའི་ ཨམ་སྲུ་གིས་ སོ་ནམ་གྱི་ལཱ་ལུ་ ཤུགས་བཏོན་འབད་བའི་སྐབས་ ཐོན་སྐྱེད་ཚུ་ ང་གིས་བཙོང་ནི་དེ་གིས་ སྟབས་བདེ་བས་ཟེར་ཨིན་པས།
འོང་འབབ་དེ་གིས་ ཨ་ལོའི་ཟད་འགྲོ་གཏང་ནི་དང་ སྣུམ་འཁོར་ སོ་ནམ་འཕྲུལ་ཆས་མཁོ་སྒྲུབ་འབད་ཚུགས་པའི་ཁར་ གསོག་འཇོག་འབད་དོ་ཟེར་ སླབ་ཨིན་པས།
ཆ་ལི་རྒེད་འོག་ སྤང་ཇག་པ་གཡུས་ཚན་ལས་ ཨ་ལོ་༢ ཀྱི་ཨའི་ཕུན་ཚོགས་ལྷ་མོ་གིས་ སླབ་མིའི་ནང་ ཉིན་བསྟར་བཞིན་དུ་ བཙོང་པར་འོང་མི་ལས་ འཕྲལ་འཕྲལ་ར་ བཙོང་མ་ཚུགས་པའི་དཀའ་ངལ་ཐོན་མི་དེ་ ཐོན་སྐྱེད་ཚུ་ སྟབས་ཅིག་ཁར་འབད་མི་བརྟེན་ཨིན་ཟེར་ཨིན་པས།
སྐྱེས་ལོ་༢༥ ལང་མི་ ཕུན་ཚོགས་ལྷ་མོ་གིས་ སྤྱི་ལོ་༢༠༡༠ ལུ་ དགྲ་མེད་རྩེ་སློབ་གྲྭ་ཆེ་བ་ལས་ སློབ་རིམ་༡༠ པ་མཐར་འཁྱོལ་བའི་ཤུལ་ སོ་ནམ་པ་སྦེ་ གཡུས་ཁར་སྡོད་ཡོདཔ་ཨིན་པས།
རྒེད་འོག་སོ་ནམ་འགོ་དཔོན་གྱིས་ གཡུས་ཚན་ཚུ་ནང་ ཤིང་འབྲས་རིགས་ཚུ་ ག་དེ་མང་མང་ འཛུགས་སྐྱོང་འབད་དགོཔ་སྦེ་ སླབ་མི་དེ་ཡང་ གླིང་མི་ཐང་ལུ་ བཟོ་གྲྭ་འཕྲུལ་ཁང་ཚུ་ གཞི་བཙུགས་འབད་མི་དང་བསྟུན་ ཚལ་ལུ་དང་ ཨམ་ཅུ་ཀུ་ལི་ གུ་ལི་ཚུ་ འཛུགས་སྐྱོང་འབད་ནི་ལུ་ སྤྲོ་བ་ཐེབས་བསྐྱེད་དོ་ཟེར་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *