ཙ་ཀ་གླིང་ལུ་ གུང་སྟོང་ཐོན་མི་ ཁྱིམ་ཚུ།

གུང་སྟོང་ལུ་བརྟེན་ མི་སྡེ་དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ གདོང་ལེན་བྱུང་དོ་ཡོདཔ།

༉ མོང་སྒར་ཙ་ཀ་གླིང་རྒེད་འོག་ནང་ གུང་སྟོང་ལེ་ཤ་ཐོན་མི་ལུ་བརྟེན་ མི་སྡེ་ནང་ གོང་འཕེལ་གྱི་ལས་སྣ་དང་འཁྲིལ་ ལཱ་འབད་མི་ཚུགས་དོ་ཡོདཔ་ལས་ དཔལ་འབྱོར་ཡར་རྒྱས་གཏང་ནི་ལུ་ ཐོ་ཕོག་སྟེ་འདུག།
རྒེད་འོག་ནང་ གུང་པ་༣༦༢ ཡོད་ས་ལས་ གུང་སྟོང་༥༢ ཐོན་མི་ཚུ་ཡང་ གྲེང་གླིང་སྤྱི་འོག་ནང་ གུང་པ་༧༧ ཡོད་མི་ལས་ གུང་སྟོང་༡༩ དང་ སྟག་ཁམས་སྦིས་སྤྱི་འོག་ནང་ གུང་པ་༦༧ ཡོད་ས་ལས་ གུང་སྟོང་༡༨ ཐོན་ནུག།
དེ་བཟུམ་སྦེ་ ཉར་སྤྱི་འོག་ནང་ གུང་པ་༧༡ ཡོད་ས་ལས་གུང་སྟོང་༡༡ ཐོན་ཡོདཔ་བཞིན་དུ་ མཁའ་གླིང་ཐུམ་གླིང་སྤྱི་འོག་ནང་ གུང་པ་༩༡ ཡོད་ས་ལས་ གུང་སྟོང་༨ དེ་ལས་ གྲོང་སྟོད་སྤྱི་འོག་ནང་ གུང་པ་༥༦ ཡོད་ས་ལས་ གུང་སྟོང་༤ ཐོན་ཏེ་འདུག།
ད་རེས་ནངས་པར་ རྒེད་འོག་ནང་ གུང་སྟོང་གི་དཀའ་ངལ་དེ་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་ནི་དེ་གིས་ གཡུས་ཁར་སྡོད་མི་ཚུ་ལུ་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།
གཡུས་ཚན་ཚུ་ནང་ སོ་ནམ་གྱི་ལཱ་འབད་སར་ འགྱོ་བལྟ་བ་ཅིན་ བརྒྱ་ཆ་༩༠ ལྷགཔ་ཅིག་ ཕམ་རྒན་རྒས་ཚུ་མཐོངམ་མ་གཏོགས་ གཞོནམ་དག་པ་ཅིག་ལས་བརྒལ་ མེདཔ་ཨིན་པས།
གཡུས་ཚན་ལ་ལོ་ཅིག་ནང་ ལཱ་འབད་ནི་ལུ་ ལྕོགས་གྲུབ་མེད་མི་ རྒན་རྒས་ཚུ་ ཁྱིམ་བདག་འཛིན་འཐབ་སྟེ་ སྡོད་དོ་ཡོད་རུང་ ཞིང་ནང་ལཱ་འབད་མ་ཚུགསཔ་ལས་ ཞིང་སྟོངམ་སྦེ་ བཞག་དགོཔ་བྱུང་དོ་ཡོདཔ་ཨིན་པས།
ཙ་ཀ་གླིང་རྒེད་འོག་ནང་ གུང་སྟོང་ཐོན་དགོ་པའི་ གནད་དོན་གཙོ་བོ་ར་ ཨ་ལོ་ཚུ་ ཞི་གཡོག་ནང་འབད་བའི་ཁར་ ལ་ལོ་ཅིག་ ཁྲོམ་ཚུ་ནང་ ཚོང་ལཱ་འབད་དེ་ ལོག་འོང་མི་བཏུབ་པས་ཟེར་ཨིན་པས།
གནད་དོན་གཞན་མི་དེ་ གཡུས་ཁའི་བུ་དང་བུམོ་ཚུ་ རྫོང་ཁག་གཞན་ནང་ གཉེན་རྐྱབ་སྡོད་ཞིནམ་ལས་ ལོག་ འོང་མི་བཏུབ་པས་ཟེར་ཨིན་པས།
རྒེད་འོག་དམངས་མི་ པདྨ་བསྟན་འཛིན་གྱིས་ སླབ་མིའི་ནང་ གུང་སྟོང་ལུ་བརྟེན་ མི་སྡེ་ནང་ དཀའ་ངལ་ཐོན་མི་ཚུ་གི་གྲས་ལས་ གདོང་ལེན་སྦོམ་ཤོས་ར་ མི་ཁྲལ་དང་ ས་ཁྲལ་ གུང་ཁྲལ་ཚུ་ བསྡུ་ལེན་འབད་བའི་སྐབས་ ཁྲལ་བཏབ་མི་མེདཔ་ལས་ དམངས་མི་དང་ དྲུང་ཡིག་ཚུ་གིས་ བཏབ་དགོཔ་ཐོནམ་མས་ཟེར་ཨིན་པས།
ཟླ་རིམ་བཞིན་དུ་ རྒེད་འོག་དང་ སྤྱི་འོག་ དེ་ལས་ རང་སོའི་གཡུས་ཚན་ཚུ་ནང་ སོ་ནམ་ཞིང་ལམ་སེལ་ནི་དང་ ཆུ་གཡུར་ཉམས་བཅོས་འབད་ནི་ དེ་ལས་ གློག་མེ་ཉམས་བཅོས་ཚུ་འབདཝ་ད་ གཡུས་ཁར་སྡོད་མི་ཚུ་གིས་ འབད་དགོ་པའི་དཀའ་ངལ་ཡོད་ཟེར་ཨིན་པས།
ཟླ་རིམ་བཞིན་དུ་ ལྷ་ཁང་དང་ དགོན་སྡེ་ དེ་ལས་ སྤྱིར་བཏང་རྒེད་འོག་གི་དོན་ལུ་ ཚེས་བཅུ་དང་ དམངས་ཀྱི་རིམ་གྲོ་ཚུ་ འགོ་འདྲེན་འཐབ་པའི་སྐབས་ གཡུས་ཁར་སྡོད་མི་ཚུ་ ཟླཝ་ལས་བཅད་དེ་ ལཱ་འབད་དགོཔ་ཐོནམ་ད་ འོང་འབབ་ཀྱི་ལཱ་འབད་ནི་ལུ་ ཐོ་ཕོག་དོ་ཡོད་རུང་ གུང་སྟོང་སྦེ་སྡོད་མི་ཚུ་ལུ་ ད་ལྟོ་ཚུན་ ག་ནི་ཡང་ འབད་འབདཝ་མེད་ཟེར་ དམངས་མི་པདྨ་བསྟན་འཛིན་གྱིས་ སླབ་ཨིན་པས།
ཚོགས་པ་ ཀརྨ་བདེ་ཆེན་གྱིས་ སླབ་མིའི་ནང་ གུང་སྟོང་ལུ་བརྟེན་ མི་སྡེའི་དཔལ་འབྱོར་གོང་འཕེལ་མགྱོགས་དྲགས་སྦེ་ གཏང་མ་ཚུགས་མི་དེ་ཡང་ གཞན་དལ་གཞི་ འུར་ལཱ་ཕྱམ་ཕྱིམ་འབད་ནིའི་དོན་ལུ་ གཡུས་མི་ཚུ་བཟུམ་སྦེ་ འདྲན་འདྲ་འཐོན་པ་ཅིན་ ལཱ་ཚུ་ དུས་ཡུན་ཐུང་ཀུ་ཅིག་ནང་ འབད་ཚུགས་པའི་ཁེ་ཕན་འདུག་ཟེར་ཨིན་པས།
སྟག་ཁམས་སྦིས་གཡུས་ཚན་ལས་ སྐྱེས་ལོ་༦༠ ལང་མི་ འཇིགས་མེད་དབང་ཕྱུག་གིས་ སླབ་མིའི་ནང་ གཡུས་ཚན་ནང་ གུང་སྟོང་ལེ་ཤ་ཡོདཔ་ལས་ འུར་ལཱ་རྒྱུག་ནི་ཚུ་ གཡུས་ཁར་སྡོད་མི་ཚུ་གིས་ དཀའཝ་སྤྱད་དེ་འབད་བའི་ཤུལ་ལུ་ ཁེ་ཕན་སྤྱོད་ནིའི་གུ་ལྷོདཔ་ད་ འདྲན་འདྲ་སྦེ་ བགོ་བཀྲམ་འབད་དགོཔ་འཐོན་ནི་དེ་གིས་ ཁེ་རྒུད་མི་བཏུབ་པས་ཟེར་ཨིན་པས།
གཡུས་མི་ཚུ་གིས་ འབད་བ་ཅིན་ གུང་སྟོང་ཐོན་མི་དེ་ གཡུས་ཁའི་ཕམ་ཚུ་གིས་ ཞི་གཡོགཔ་སྦེ་སྡོད་མི་ ཨ་ལོ་ཚུ་དང་མཉམ་སྡོད་མི་ལུ་བརྟེན་ ས་ཞིང་སྟོངམ་བཞག་ནི་དེ་གིས་ གཡུས་ཁར་སྡོད་མི་ སོ་ནམ་པ་ཚུ་ལུ་ གནོད་པ་སྦོམ་འདུག་ཟེར་ཨིན་པས།
དེ་ཡང་ ཞིང་སྟོངམ་བཞག་མི་ལུ་བརྟེན་ རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་ཚུ་ལུ་ གནོད་སྐྱོན་རྐྱབ་མི་ ཡར་སེང་འགྱོ་དོ་ཡོདཔ་ལས་ སོ་ནམ་པ་ཚུ་གིས་ཡང་ ཞིང་སྟོངམ་བཞག་ནི་ འགོ་བཙུགས་ཏེ་ ཡོད་ཟེར་ཨིན་པས།
རྒེད་འོག་སོ་ནམ་རྒྱ་སྐྱེད་འགོ་དཔོན་ བསོད་ནམས་སྒྲོལ་དཀར་གྱིས་ སླབ་མིའི་ནང་ རྒེད་འོག་ནང་ སྐམ་ཞིང་ སྟོངམ་ཨེ་ཀར་༩༩༧ ལྷགཔ་ཅིག་དང་ ཆུ་ཞིང་ཨེ་ཀར་༡༡༧ ལྷགཔ་ཅིག་ སྟོངམ་ཐོན་ཡོད་མི་དེ་ གཙོ་བོ་ར་ གུང་སྟོང་གི་དཀའ་ངལ་ལུ་བརྟེན་ བྱུང་ནུག་ཟེར་ཨིན་པས།
དམངས་མི་པདྨ་བསྟན་འཛིན་གྱིས་ སླབ་མི་དང་འཁྲིལཝ་ད་ མི་སེར་ཚུ་གིས་ གུང་སྟོང་ཚུ་ལུ་ ཉེས་ཆད་བཀལ་དགོ་པའི་སྐོར་ལས་ ཉོགས་བཤད་འབད་བའི་ཤུལ་ལུ་ རྒེད་འོག་ཡར་རྒྱས་ཚོགས་འདུ་ནང་ གསུང་གྲོས་གནང་ཞིནམ་ལས་ རྫོང་ཁག་ཡར་རྒྱས་ཚོགས་འདུ་ནང་ གྲོས་འདེབས་ཕུལ་ཡི་ཟེར་ཨིན་པས།
རྫོང་ཁག་ཡར་རྒྱས་ཚོགས་འདུ་ཐེངས་༣ པའི་ནང་ གྲོས་གཞི་དེ་གི་ཐོག་ལུ་ གསུང་གྲོས་གནང་སྟེ་ གུང་སྟོང་ཐོན་མི་རེ་གིས་ ལོ་རེ་ནང་ རྒེད་འོག་ལུ་ ཉེས་ཆད་དངུལ་ཀྲམ་༤༥༨༠ ཐམ་པ་སྤྲོད་དགོཔ་ཨིན་ཟེར་ གྲོས་ཆོད་བཏོན་ ཡོདཔ་ལས་ ད་རེས་ནངས་པར་ རྒེད་འོག་ནང་ མི་སེར་ཚུ་དང་མཉམ་ གྲོས་བསྟུན་འབད་བའི་བསྒང་ཡོད་ཟེར་ དམངས་མི་གིས་ སླབ་ཨིན་པས།
དེ་བཟུམ་གྱི་ གུང་སྟོང་དཀའ་ངལ་དེ་ རྫོང་ཁག་གཞན་ཁར་ཡང་ཡོདཔ་ལས་ གཞུང་དང་ འབྲེལ་ཡོད་ལས་སྡེ་ཚུ་གིས་ ཞིབ་དཔྱད་མཐིལ་ཕྱིན་འབད་དགོཔ་འདུག་ཟེར་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *