༉ གཱོལ་ཌེན་ཡུཐི་ཟེར་མི་ ན་གཞོན་བསླབ་སྟོན་ལས་རིམ་ཐེངས་༡༡ པ་དེ་ ད་ལྟོ་ ཐིམ་ཕུག་ན་གཞོན་གོང་འཕེལ་མ་དངུལ་གྱི་ ན་གཞོན་དཔལ་རི་ས་ཁོངས་ནང་སྦེ་ འགོ་འདྲེན་འཐབ་མི་དེ་ནང་ རྫོང་ཁག་༢༠ ནང་ལས་ ལྕོགས་གྲུབ་ཅན་གྱི་ན་གཞོན་ དྲག་ཤོས་༨༠ གིས་ བཅའ་མར་གཏོགས་པའི་བསྒང་འདུག།
དེ་ཡང་ རྫོང་ཁག་རེ་རེའི་ནང་ལས་ སློབ་རིམ་༡༠ པའི་སློབ་ཕྲུག་བུཚ་༢ དང་བུམོ་༢ རེ་ཡོདཔ་ད་ དུས་ཅིའི་ལས་རིམ་གྱི་ བརྗོད་དོན་དེ་ རྒྱལ་ཁབ་གཅིག་དང་ མི་སེར་གཅིག་ཟེར་ གཅིག་སྒྲིལ་བརྩི་སྲུང་ཞུ་ཐབས་ལུ་ཨིན་པས།
འགོ་འདྲེན་པ་ ན་གཞོན་གོང་འཕེལ་མ་དངུལ་གྱི་ བཀོད་ཁྱབ་མདོ་ཆེན་ རྡོ་རྗེ་དབང་མོ་གིས་ ན་གཞོན་བསླབ་སྟོན་ལས་རིམ་དེ་ འགྲན་བསྡུར་མེན་པར་ གཅིག་མཐུན་དང་ གཅིག་སྒྲིལ་ཐོག་ལས་ ཁྱད་འཕགས་ཅན་བཟོ་སའི་ཡུལ་ གཙོ་ཅན་ཅིག་ཨིནམ་ལས་ ན་གཞོན་གཅིག་གིས་གཅིག་ལུ་ འབྲེལ་བ་འཐབ་སྟེ་ ཤེས་ཡོན་བརྗེ་སོར་འབད་ནི་ལུ་ གཙོ་རིམ་བཟུང་དགོ་ཟེར་ བཤདཔ་ཨིན་པས།
ན་གཞོན་ལས་རིམ་དེ་ སྤྱི་ལོ་༢༠༠༢ ལུ་ ན་གཞོན་གོང་འཕེལ་མ་དངུལ་གཞི་བཙུགས་གནང་མི་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ དགུང་ལོ་༥༠ བཞེས་པའི་ འཁྲུངས་སྟོན་བརྩི་སྲུང་ཞུཝ་དང་འབྲེལ་ འགོ་བཙུགས་ཡོདཔ་ད་ ད་ཚུན་ སློབ་ཕྲུག་དྲག་ཤོས་༡༠ གྱིས་ ཕྱི་རྒྱལ་ལུ་ ཆེ་རིམ་ཤེས་ཡོན་སྦྱང་ནིའི་ གོ་སྐབས་བྱིན་ཡོདཔ་ཨིན་པས།
ཉིན་གྲངས་༡༠ གྱི་ ལས་རིམ་དེ་ སྤྱི་ཟླ་༧ པའི་ཚེས་༥ ལས་ འགོ་བཙུགས་ཡོདཔ་ད་ ལས་རིམ་ནང་ ན་གཞོན་ཚུ་གི་དོན་ལུ་ ལས་རིམ་ཁག་ལེ་ཤ་ཅིག་ བཟོ་སྟེ་ཡོད་མི་ཚུ་ནང་ ག་ར་གིས་ ཆད་ལུས་མེད་པར་ བཅའ་མར་གཏོགས་དགོཔ་ཨིན་པས།
ན་གཞོན་ཚུ་གིས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ བརྩི་མཐོང་ཤེས་ཡོན་གྱི་ གོ་བསྡུར་ཞལ་འཛོམས་ཚུ་ནང་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ ད་ལས་ཕར་ རྩོམ་རིག་གི་ལས་རིམ་ནང་ འབྲི་རྩོམ་འབྲི་ནི་དང་ གྲ་སྒྲིག་མེད་པའི་ གསལ་བཤད་འབད་ནི་ ཚོར་སྣང་ཟེར་ ཅ་ཆས་ཅིག་ ལག་པར་སྤྲོད་ཞིནམ་ལས་ རང་སོའི་བསམ་བཤད་བཀོད་བཅུག་ནི་ཨིན་པས།
ད་རུང་ ལུས་རྩལ་འགྲན་བསྡུར་དང་ ཞབས་ཁྲ་འཐེན་ནི་ ཞབས་ཁྲ་རྐྱབ་ནི་ལ་སོགས་པའི་ སྦྱོང་བརྡར་ནང་ཡང་ བཅའ་མར་གཏོགས་ཐོག་ལས་ མི་སྡེའི་ཞབས་ཏོག་ལས་རིམ་ཚུ་ མི་མང་ལུ་ གསལ་སྟོན་འབད་ནི་དང་ གསར་གཏོད་ཀྱི་དོན་ལུ་ ན་གཞོན་ཚུ་གི་ རིག་པ་གསརཔ་གི་ གྲོས་འཆར་ཚུ་ སྒྲིག་བཞི་དང་འཁྲིལ་ འགོ་འདྲེན་འཐབ་ནི་ཨིན་པའི་ཁར་ རྒྱལ་ས་ལྟེ་བ་ལུ་ ས་ཁོངས་དག་པ་ཅིག་ ངོས་འཛིན་འབད་ཡོད་མི་ཚུ་ནང་ རང་སོའི་གདམ་ཁ་དང་འཁྲིལ་ ལྟ་སྐོར་ནང་ཁྱིད་ནིའི་ ལས་རིམ་ཡང་ ཡོདཔ་ཨིན་པས།
མཐའན་མཇུག་ལུ་ དྲང་དཔོན་ཚུ་གིས་བྱིན་མི་ སྐུགས་ཚུ་བསྡོམས་ཏེ་ ཁྱད་ཚད་ལྡན་མི་ ལྕོགས་གྲུབ་དང་ རིག་རྩལ་ཅན་གྱི་ ན་གཞོན་དྲག་ཤོས་ཅིག་དང་ ན་གཞོན་ཚུ་གིས་ ཚོགས་རྒྱན་བསྐྱུར་ཐོག་ལས་ གདམ་འཐུ་འབད་མི་ མི་ངོམ་ལེགས་ཤོམ་ཟེར་མི་ ན་གཞོན་༡ འབདཝ་ད་ ན་གཞོན་༢ གདམ་འཐུ་འབད་ཐོག་ལས་ ཕྱི་རྒྱལ་ལུ་ ཆེ་རིམ་ཤེས་ཡོན་སྦྱང་ནིའི་དོན་ལུ་ སློབ་གཉེར་གྲོགས་རམ་ བྱིན་ནི་ཨིན་པའི་གནས་ཚུལ།
ཚེ་རིང་རྣམ་རྒྱལ།