༉ ལྷུན་རྩེ་རྫོང་ཁག་ རྒེད་འོག་༨ ཀྱི་ དུར་ཁྲོད་དང་ མི་མང་གི་ཚེས་བཅུ་དང་ གསོན་གཤིན་གྱི་རིམ་གྲོ་ཚུ་ འབད་བའི་སྐབས་ ཤ་ཆང་ལག་ལེན་འཐབ་མ་ཆོགཔ་སྦེ་ རྫོང་ཁག་ཚོགས་འདུ་གིས་ གྲོས་ཆོད་བཏོན་ཡི།
དེ་ཡང་ མཁོ་མ་རྒེད་འོག་གི་རྒཔོ་ སྲིད་མཐར་ཚེ་རིང་གིས་ ཞུ་མིའི་ནང་ ས་གནས་གཞུང་ཐེངས་༢ པ་ བཙག་འཐུ་གྲུབ་པའི་ཤུལ་ལས་ རྫོང་ཁག་ཚོགས་འདུ་ ཐེངས་དང་པའི་ནང་ ཆང་བཀག་འཛིན་འབད་དགོ་པའི་སྐོར་ལས་ གསུང་གྲོས་རྒྱས་པར་གནང་སྟེ་ རྒེད་འོག་༨ ནང་ བཀག་འཛིན་གཅིག་མཚུངས་འབད་ནི་སྦེ་ གྲོས་ཐག་བཅད་ཡོད་རུང་ རྒེད་འོག་ལ་ལུ་ཅིག་ནང་ ཨ་རྟག་ག་ཨིནམ་སྦེ་ར་ ལག་ལེན་འཐབ་མས་ཟེར་ཨིན་པས།
ཁོ་གིས་ ཞུ་མིའི་ནང་ ཚེ་འདས་ཀྱི་ཕུངམ་ཚུ་ མེ་སྦྱང་འབད་བའི་སྐབས་ ཤ་ཆང་གི་རིགས་ཚུ་ དུར་ཁྲོད་ནང་ ལག་ལེན་འཐབ་མ་ཆོག་པའི་ སྒྲིག་གཞི་བཟོ་ཡོད་རུང་ རྒེད་འོག་ལ་ལོ་ཅིག་གིས་ ཤ་དང་ཆང་བེ་ཡེར་ཚུ་ ལག་ལེན་འཐབ་མི་དེ་ རྩ་ལས་ར་ མ་བཏུབ་པའི་ཁར་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ཡང་ བཀའ་ཤོག་གནང་སྟེ་ ཡོད་ཟེར་ཨིན་པས།
མི་ཤི་དགེ་རྩའི་དོན་ལུ་ ཤ་ཆང་གི་རིགས་ཚུ་ རྩ་ལས་ར་ ལོངས་སྤྱོད་མ་འབད་ཆོག་པའི་ བཀག་འཛིན་འབད་དགོ་པའི་ཁར་ གསོན་གཤིན་གྱི་རིམ་གྲོ་དང་ ཡར་ངོ་མར་ངོའི་ ཚེས་བཅུ་ཚུ་ནང་ཡང་ ཤ་དང་ཆང་ཚུ་ ལོངས་སྤྱོད་མ་ཆོགཔ་སྦེ་ བཟོ་དགོ་པའི་གྲོས་འཆར་ཕུལ་ཡི་ཟེར་ཨིན་པས།
ཨིན་རུང་ མི་རང་རྐྱང་གི་དོན་ལུ་འབད་བ་ཅིན་ བཀག་ཆ་འབད་ནི་མེད་རུང་ མི་མང་འཛོམས་ས་ལུ་ བཀག་འཛིན་འབད་དགོ་པའི་ སྒྲིག་གཞི་དང་ ལམ་ལུགས་ཚུ་ བཟོ་ཡོདཔ་མ་ཚད་ དེ་གི་ ཉེས་དམིགས་ཚུ་གི་སྐོར་ལས་ཡང་ གསལ་ཞུ་འབད་ཡི་ཟེར་ཨིན་པས།
རྒཔོ་གིས་ སླབ་མིའི་ནང་ གཡུས་ཁ་ལས་ཕར་ མགྱོནམ་ཚུ་ འོང་པའི་སྐབས་ ཚོགས་ཆང་ཟེར་ བྱིན་སྲོལ་ཡོད་མི་དེ་གིས་ཡང་ མི་སེར་སོ་ནམ་པ་ཚུ་ལུ་ ལཱ་ཁག་རྐྱབ་དོ་ཟེར་ཨིནམ་ད་ དེ་ཡང་ མགྱོནམ་ཚུ་གིས་ དུམ་གྲ་རེ་བརྒལ་ འཐུང་ནི་མེདཔ་ལས་ ལྷག་ལུས་ཚུ་ ཆ་མཉམ་ར་ ཁོང་ར་ནང་འཁོད་ལུ་ མ་རྫོགས་ཚུན་ འཐུང་དོ་ཡོདཔ་ལས་ དཔལ་འབྱོར་དང་ གཟུགས་ཁམས་ལུ་ གནོད་སྐྱོན་འདུག་ཟེར་ཨིན་པས།
ཨིན་རུང་ ཚོགས་ཆང་བྱིན་ནིའི་སྲོལ་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ སྐུ་འཁོར་ལྷན་རྒྱས་ཚུ་ བྱོན་པའི་སྐབས་ལུ་མ་གཏོགས་ དེ་མིན་ ལག་ལེན་འཐབ་མ་ཆོགཔ་སྦེ་ བཟོ་དགོཔ་འདུག་ཟེར་ཨིན་པས།
རྒྱ་རེད་རྒཔོ་ ཀུན་བཟང་མི་འགྱུར་གྱིས་ སླབ་མིའི་ནང་ མ་གཞི་ རྫོང་ཁག་ཚོགས་འདུ་གིས་ མ་པ་ལས་ར་ ཤ་ཆང་གི་རིགས་ཚུ་ མི་ཤི་དགེ་རྩའི་སྐབས་ལུ་མ་ཚད་ དམངས་ཀྱི་རིམ་གྲོ་དང་ སྐུ་རིམ་ ནང་ཡང་ ལག་ལེན་འཐབ་མ་ཆོགཔ་སྦེ་ བཟོ་དགོ་པའི་ཁར་ ཚོགས་ཆང་དང་ ལྟོ་ཆང་ལམ་ལུགས་ཡང་ བཀག་འཛིན་འབད་ནི་དེ་ མི་སྡེ་ལས་བརྒྱུད་དེ་ འོང་དགོཔ་ཨིན་ཟེར་ཨིན་པས།
སྨན་སྦིས་རྒེད་འོག་ཁྲི་འཛིན་ ཚུལ་ཁྲིམས་ལ་གིས་ ཞུ་མིའི་ནང་ མ་གཞི་ ཁོ་རའི་རྒེད་འོག་ནང་ མི་ཤི་དགེ་རྩ་དང་ མི་མང་གི་རིམ་གྲོ་ དེ་ལས་ རང་སོའི་ཁྱིམ་ནང་ ལོ་ཆོག་ཚུ་ འགོ་འདྲེན་འཐབ་པའི་སྐབས་ ཤ་ཆང་ཚུ་ ལག་ལེན་མ་ཆོགཔ་སྦེ་ཡོད་རུང་ ཁྲིམས་བསྟར་སྤྱོད་འབད་མ་ཚུགས་པར་ ཡོད་ཟེར་ཨིན་པས།
དེ་ཡང་ ཁོ་གིས་འབད་བ་ཅིན་ གལ་སྲིད་ ལམ་ལུགས་བཟོ་མི་ལས་ འགལ་མི་ཚུ་ལུ་ ཉེས་བྱ་དང་ ཉེས་ཁྲིམས་ཚུ་ དེ་དང་དེ་ཕོག་ཟེར་ ཁྲིམས་ལུགས་གཞན་ནང་ཡང་ མེདཔ་མ་ཚད་ བཅའ་ཁྲིམས་ནང་ཡང་མེདཔ་ལས་ ཉེས་ཁྲིམས་ཀྱི་ལམ་ལུགས་ ཤོ་མཚུངས་བཟོ་དགོཔ་འདུག་ཟེར་ ཨིན་པས།
རྫོང་ཁག་གསོ་བའི་འགོ་དཔོན་ ཨྱོན་རྡོ་རྗེ་གིས་ ཞུ་མིའི་ནང་ དགེ་རྩའི་དོན་ལུ་ ཤ་ཆང་ལག་ལེན་འཐབ་ནི་མེདཔ་སྦེ་ བཟོ་ནིའི་དོན་ལུ་ རྒྱབ་སྐྱོར་ཕུལ་ཡོདཔ་ད་ དེ་ཡང་ མི་ཚུ་གིས་ ཆང་ལུ་བརྟེན་ གཟུགས་ཁམས་ལུ་ གནོདཔ་ཨིནམ་ཤེས་རུང་ སྤང་མ་ཚུགས་པའི་ དཀའ་ངལ་འདུག་ཟེར་ཨིན་པས།
དེ་མ་ཚད་ མི་ཚུ་གིས་ ཆང་སྤང་མ་ཚུགས་མི་ལུ་བརྟེན་ གཟུགས་ཁམས་ལུ་ གནོད་སྐྱོན་བྱུངམ་མ་ཚད་ བཟའ་ཚང་ནང་འཁོད་དང་ གཞུང་ལུ་ཡང་ གྱོང་རྒུད་ཕོག་མི་དེ་ མི་སེར་ལུ་ གོ་བ་ལེགས་ཤོམ་འཕྲོད་མ་ཚུགས་པའི་ དཀའ་ངལ་ཡོདཔ་བཟུམ་སྦེ་ མཐོང་ཡི་ཟེར་ཨིན་པས།
དེ་འབདཝ་ལས་ རྫོང་ཁག་གི་ རྒེད་འོག་ཆ་མཉམ་ནང་ ཆང་བཀག་འཛིན་འབད་དགོ་ནིའི་དོན་ལུ་ ཚོགས་པ་གཞི་བཙུགས་འབད་མི་གིས་ མི་སེར་ལུ་ ཁེ་ཕན་བྱུང་སྟེ་ཡོད་ཟེར་ཨིནམ་ད་ ལས་རིམ་དེ་ལུ་ རྫོང་ཁག་ནང་ ཆང་འཐུང་ནིའི་ཚད་གཞི་ བརྒྱ་ཆ་༨༠ དེ་ཅིག་ མར་བབས་སོང་ཡི་ཟེར་ཨིན་པས།
ཨིན་རུང་ མི་རེ་གཉིས་ལུ་ ཤི་རྐྱེན་བྱུང་མི་དེ་ ད་ལྟོ་ ཆང་འཐུང་ནི་དེ་གིས་མེན་པར་ ལོ་ངོ་༡༠ དང་༡༥ གི་ཧེ་མ་ལས་ར་ ཆང་འཐུང་ནི་དེ་གིས་ ཨིན་མས་ཟེར་ཨིན་པས།
ཚོགས་འདུའི་ཁྲི་འཛིན་ ཀུན་བཟང་མི་འགྱུར་གྱིས་ བཤད་མིའི་ནང་ ཆང་མར་ཕབ་འབད་ནིའི་ ཉེས་ཁྲིམས་ཚུ་ཡང་ རྒེད་འོག་གི་ ལམ་ལུགས་ནང་ འཁོད་དེ་ཡོདཔ་ལས་ ལྟ་རྟོག་འབད་ནིའི་ཐད་ཁར་ དཀའ་ངལ་མེད་རུང་ རྒེད་འོག་རེ་རེའི་ནང་ ཚོགས་པ་གཞི་བཙུགས་འབད་དེ་ཡོདཔ་ལས་ ལམ་ལུགས་དེ་དང་བསྟུན་ ངོས་ལེན་འབད་དགོཔ་ གལ་ཆེ་ཟེར་ཨིན་པས།
ཆང་མར་ཕབ་འབད་ནིའི་དོན་ལུ་ ས་གནས་གཞུང་འགོ་དང་པ་ གཞི་བཙུགས་འབད་བའི་ཤུལ་ལས་ རྫོང་ཁག་ཚོགས་འདུ་ནང་ གསུང་གྲོས་གནངམ་མ་ཚད་ ད་རེས་ཡང་ ལམ་ལུགས་དེ་གུ་ གསུང་གྲོས་རྒྱས་པར་གནང་ཡོདཔ་ལས་ དུར་ཁྲོད་དང་ དམངས་ཀྱི་རིམ་གྲོ་ དེ་ལས་ རང་སོའི་ཁྱིམ་ནང་ རིམ་གྲོ་ཚུ་འབད་བའི་སྐབས་ ཤ་ཆང་ལག་ལེན་འཐབ་མ་ཆོགཔ་མ་ཚད་ ཚོགས་ཆང་དང་ ལྟོ་ཆང་ཡང་ བཀག་འཛིན་འབདཝ་ཨིན་ཟེར་ཨིན་པས།
ཨིན་རུང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ སྐུ་འཁོར་ལྷན་རྒྱས་ཚུ་ གཟིགས་སྐོར་ནང་བྱོན་པའི་སྐབས་ ཨ་རྟག་ག་ཨིནམ་སྦེ་ར་ ཚོགས་ཆང་ཚུ་ ཕུལ་སྲོལ་ཡོདཔ་ཨིན་པའི་གནས་ཚུལ།
ལྷུན་རྩེ་ལས་ བཀྲིས་ཕུན་ཚོགས།