༉ སྤྱི་ཟླ་༡ པའི་ཚེས་༣༠ ལུ་ གསོ་བའི་ཤེས་ཡོན་ལས་རིམ་ ཡར་དྲག་གཏང་ནི་ནང་ གསོ་བ་ལྷན་ཁག་དང་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་༢ མཉམ་འབྲེལ་གོང་འཕེལ་གཏང་ནིའི་དོན་ལུ་ གོ་བརྡའི་ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས།
གོ་བརྡའི་ཆིངས་ཡིག་ཅིག་གི་ དམིགས་ཡུལ་དེ་ཡང་ གསོ་བའི་ལས་བྱེདཔ་ཚུ་ལུ་ འཇོན་ཐངས་ཅན་དང་ ཕན་ནུས་ཅན་གྱི་ ལྕོགས་གྲུབ་གོང་འཕེལ་སྐྱེལ་སྤྲོད་དང་ ཤེས་ཡོན་བྱིན་ཐབས་ལུ་ཨིན་པས།
ལས་རིམ་སྐབས་ གསོ་བ་བློན་པོ་ བདེ་ཆེན་དབང་མོ་གིས་ སླབ་མིའི་ནང་ ད་ལས་ཕར་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་གིས་ གསོ་བའི་ལས་བྱེདཔ་ཚུ་ལུ་ དགོས་མཁོ་ལྷན་ཐབས་འབད་ནི་ལུ་ འགན་ཁུར་འབག་དགོ་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ གསོ་བ་ལྷན་ཁག་གིས་ བཀའ་རྒྱ་དང་ མ་དངུལ་གྱི་ རྒྱབ་སྐྱོར་འབད་ནི་མ་གཏོགས་ གཙུག་ལག་སློབ་སྡེ་གིས་ གསོ་བའི་ལས་བྱེད་ ག་ལུ་ སྦྱོང་བརྡར་དགོས་མཁོ་ཡོདཔ་ཨིན་ན་དང་ ག་དེ་སྦེ་འབད་ནི་ཨིན་ན་ཚུ་ལུ་ གཙོ་རིམ་བཟུང་དགོ་ཟེར་ཨིན་པས།
གཞི་སྒྱུར་ལུ་བརྟེན་ གཙུག་སྡེ་གོང་འཕེལ་གཏང་ནི་ལུ་ ལྷན་ཐབས་འབད་ནི་དེ་ གལ་ཅན་ཅིག་ཨིནམ་ད་ མཐའན་མཇུག་ལུ་ དམིགས་དོན་དང་ འགན་འཁྲི་ འགན་ཁུར་ཚུ་ དྭངས་སེལ་ཅན་ཅིག་ དགོ་ནི་དེ་ གཞི་སྒྱུར་གྱི་ དམིགས་ཡུལ་ཨིན་ཟེར་ གསོ་བ་བློན་པོ་གིས་ བཤད་ཡོདཔ་ཨིན་པས།
གོ་བརྡའི་ཆིངས་ཡིག་གུ་ རྟགས་མ་བཀོད་པའི་ཧེ་མར་ ལྷན་ཁག་དང་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་གིས་ གསོ་བའི་ལས་བྱེདཔ་ཚུ་ལུ་ ལྕོགས་གྲུབ་གོང་འཕེལ་དང་ སྦྱོང་བརྡར་ཚུ་ བྱིན་ཡོདཔ་ཨིན་པས།
ད་ལས་ཕར་ གསོ་བའི་ལས་བྱེདཔ་ཚུ་ལུ་ སྦྱོང་བརྡར་དང་ གསོ་བའི་ཤེས་ཡོན་བྱིན་ནི་ཚུ་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་གིས་ འཕྲོ་མཐུད་དེ་ བལྟ་ནི་ཨིན་པས།
གོ་བརྡའི་ཆིངས་ཡིག་དེ་ཡང་ གཞི་སྒྱུར་གྱི་ ཆ་ཤས་ལས་རིམ་ཅིག་ཨིནམ་བཞིན་དུ་ ད་རེས་ གསོ་བ་ལྷན་ཁག་གིས་ ལས་སྡེ་ཚུ་གི་ དམིགས་དོན་ཚུ་ བསྐྱར་ཞིབ་འབད་ཐོག་ལས་ འབྲེལ་ཡོད་ལས་སྡེ་ཚུ་ལུ་ དམིགས་ཡུལ་གསརཔ་ཚུ་ བྱིན་དོ་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།