གསོ་བའི་ལྷན་ཁག་གིས་ འཆར་གཞི་༡༢ པའི་ནང་ འཆར་དངུལ་ཐེར་འབུམ་༤.༠༡ དགོ་པའི་ གྲོས་འདེབས།

༉ གསོ་བའི་ལྷན་ཁག་གིས་ འཆར་གཞི་༡༢ པའི་དོན་ལུ་ འཆར་དངུལ་ཐེར་འབུམ་༤.༠༢ དགོས་མཁོ་ཡོད་རུང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱིས་ འཆར་དངུལ་ཐེར་འབུམ་༣.༦༢ ཆ་འཇོག་འབད་མི་ལུ་ ད་ལྟོ་ བདེ་སྒྲིག་འབད་བའི་བསྒང་ཡོདཔ་ཨིན་པས།
དེ་ཡང་ འདས་པའི་བདུན་ཕྲག་ནང་ ལྷན་རྒྱས་གཞུང་ཚོགས་དང་ བརྡ་བརྒྱུདཔ་གི་བར་ན་ ཞལ་འཛོམས་འཚོགས་པའི་སྐབས་ བརྡ་བརྒྱུདཔ་གིས་ འཆར་གཞི་༡༢ པའི་ནང་ གསོ་བའི་མ་དངུལ་དང་འབྲེལ་བའི་ དྲི་བཀོད་འབད་མིའི་ལན་ལུ་ གསོ་བའི་བློན་པོ་ བདེ་ཆེན་དབང་མོ་གིས་ བཤད་ཡོདཔ་ཨིན་པས།
བློན་པོ་གིས་ བཤད་མིའི་ནང་ འཆར་གཞི་༡༡ པའི་ནང་ གསོ་བའི་འཆར་དངུལ་ཐེར་འབུམ་༥ བཞག་མི་ལས་ བརྒྱ་ཆ་༧༦ བཏོག་བཏང་ཡོདཔ་ལས་ ད་རེས་ བསྐྱར་བཟོ་འབད་དེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ལུ་ ཐེར་འབུམ་༤.༠༢ ལུ་ གྲོས་འདེབས་འབད་མི་དེ་ ད་ལྟོ་ གྲོས་བསྟུན་འབད་བའི་བསྒང་ ཡོད་ཟེར་ཨིན་པས།
ལྷན་ཁག་གི་དོན་ལུ་ ད་ལྟོ་ དངུལ་ཀྲམ་ཐེར་འབུམ་༢.༦ གི་ དགོས་མཁོ་ཡོད་མི་དེ་ མ་རྩའི་དོན་ལུ་ ཐེར་འབུམ་༡ དང་ འཆར་གཞི་༡༡ པའི་ལས་སྣ་ལྷག་ལུས་ འགྲུབ་ནིའི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༡.༡༢ དེ་ཅིག་ཡོད་མི་དེ་ རྩིས་བཀོད་འབདཝ་ད་ ལཱ་འབད་ནིའི་དོན་ལུ་ ལྷན་ཁག་ལུ་ དངུལ་ཀྲམ་ཐེར་འབུམ་༢ དེ་ཅིག་འདུག་ཟེར་ གསོ་བའི་བློན་པོ་གིས་ བཤད་ཅི།
བློན་པོ་གིས་ བཤད་མིའི་ནང་ སྤྱི་ལོ་༢༠༡༦ ལུ་ གསོ་བའི་མ་དངུལ་དེ་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལས་ བརྒྱ་ཆ་༣.༧ དེ་ཅིག་ཨིནམ་ད་ ལྷག་ཁག་གིས་ འབད་བ་ཅིན་ བརྒྱ་ཆ་༥ ལས་ལྷག་སྟེ་དགོ་པའི་ གྲོས་འདེབས་འབད་ཡི་ཟེར་ཨིན་པས།
འབྲུག་གི་ གསོ་བའི་འཆར་དངུལ་དེ་ འདས་པའི་ལོ་ཚུ་ནང་ མར་བབས་སོང་ཡོདཔ་ད་ སྤྱི་ལོ་༢༠༠༠ ལུ་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལས་ བརྒྱ་ཆ་༥.༧ དང་ སྤྱི་ལོ་༢༠༠༣ ལུ་བརྒྱ་ཆ་༤.༩ དེ་ལས་ སྤྱི་ལོ་༢༠༠༦ ལུ་ བརྒྱ་ཆ་༥ ཨིནམ་བཞིན་དུ་ སྤྱི་ལོ་༢༠༡༠ ལུ་ ཧེང་སྐལ་ བརྒྱ་ཆ་༣.༦༥ ལུ་མར་བབས་སོང་ཡོདཔ་མ་ཚད་ སྤྱི་ལོ་༢༠༡༢ ལུ་ བརྒྱ་ཆ་༣.༥༥ ལུ་ མར་བབས་སོང་ཡོདཔ་ཨིན་པས།
འཆར་ལོ་༢༠༡༤ དང་༢༠༡༥ གི་ནང་འཁོད་ལུ་ འབད་བ་ཅིན་ གསོ་བའི་དོན་ལུ་ འཆར་དངུལ་བརྒྱ་ཆ་༤ ལས་ སྤྱི་ལོ་༢༠༡༥ དང་༢༠༡༦ གི་བར་ན་ བརྒྱ་ཆ་༣.༩ ལུ་ མར་བབས་སོང་ནུག་ཟེར་ཨིན་པས།
བློན་པོ་གིས་ འབད་བ་ཅིན་ གསོ་བའི་གཞི་རྟེན་ཞབས་ཏོག་ལས་ སྤུས་ཚད་ཅན་གྱི་ གསོ་བའི་ཞབས་ཏོག་ ཡོངས་རྫོགས་ལུ་ འགྱུར་བ་འགྱོ་དགོ་པ་ཅིན་ གསོ་བའི་དོན་ལུ་ འཆར་དངུལ་མངམ་སྦེ་ རེ་བ་བསྐྱེད་དོ་ཟེར་ཨིནམ་ད་ ང་བཅས་ཀྱི་ རེ་བ་དེ་ མི་མང་ལུ་ སྤུས་ཚད་ཅན་གྱི་ ཞབས་ཏོག་བྱིན་ནི་ཨིནམ་བཞིན་དུ་ ད་ལྟོ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་དང་གཅིག་ཁར་ ཁ་སླབ་པའི་བསྒང་ ཨིན་ཟེར་ཨིན་པས།
གསོ་བའི་དྲུང་ཆེན་ ཌོག་ཊར་ ཨོ་རྒྱན་རྡོ་ཕུག་གིས་ འདས་པའི་བདུན་ཕྲག་ནང་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་དང་ འབྲེལ་ཡོད་ལས་སྡེ་ གཙོ་ཅན་ཚུ་དང་གཅིག་ཁར་ མ་འབུ་བའི་ནད་གཞི་སྐོར་ལས་ ཆེ་རིམ་ཅན་གྱི་ གོ་བརྡའི་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ འབྲུག་གིས་ ནད་གཞི་བཀག་ཐབས་དང་ གསོ་བ་གོང་འཕེལ་གྱི་དོན་ལུ་ ཟད་འགྲོ་བཏང་དགོ་པའི་ སྐོར་ལས་བཤད་ཅི།
ཁོ་གིས་ སླབ་མིའི་ནང་ གསོ་བའི་ལྷན་ཁག་གིས་ མི་མང་ལུ་ རིན་མེད་སྟོང་པར་སྦེ་ གསོ་བའི་ཞབས་ཏོག་སྤྲོད་ནིའི་དོན་ལུ་ གདོང་ལེན་བྱུང་ཡོདཔ་ད་ མ་གཞི་ གཅིག་ལས་གཅིག་ལུ་ སྤེལ་བའི་ནད་གཞི་ བཀག་ཐབས་ཀྱི་དོན་ལུ་ ད་ཚུན་ ཡུན་རིང་གི་རྒྱབ་ལས་ གྲུབ་འབྲས་ཐོན་ཡོད་རུང་ འཚོ་བའི་གནས་སྟངས་དང་འཁྲིལ་ གསོ་བའི་ཟད་འགྲོ་ མངམ་གནས་ཏེ་ ཡོད་ཟེར་ཨིན་པས།
བློན་ཆེན་ ཌོག་ཊར་ བློ་གྲོས་ཚེ་རིང་གིས་ གསུངས་མིའི་ནང་ འབྲུག་གི་མི་སེར་ལུ་ གསོ་བའི་ཞབས་ཏོག་ སྟོང་པར་བྱིན་པའི་སྐོར་ལས་ ངལ་རངས་བྱུང་ཡོད་རུང་ གསོ་བའི་ཞབས་ཏོག་ལུ་ གཞུང་གིས་ ཟད་འགྲོ་བརྒྱ་ཆ་ ཉུང་སུ་ཅིག་ལས་མ་ བཏང་མི་ལུ་བལྟ་བ་ཅིན་ སྤུས་ཚད་དང་ལྡན་པའི་ གསོ་བའི་ཞབས་ཏོག་མེད་པའི་ རྟགས་ཨིན་མས་ཟེར་ཨིན་པས།
བློན་ཆེན་གྱིས་ བཤད་མིའི་ནང་ གསོ་བའི་དཔལ་འབྱོར་གྱི་ ཁ་ཐུག་ལས་འབད་བ་ཅིན་ གསོ་བའི་དོན་ལུ་ འཆར་དངུལ་ཉུང་སུ་བཏང་ཐོག་ལས་ ཞབས་ཏོག་སྟོང་པར་བྱིན་མི་དེ་ ལེགས་ཤོམ་མེན་ཟེར་ཨིན་པས།
བློན་པོ་ བདེ་ཆེན་དབང་མོ་གིས་ བཤད་མིའི་ནང་ ད་ལྟོ་ ལྷན་ཁག་གི་ འགོ་དཔོན་ཚུ་གིས་ ལྷན་ཁག་ནང་ ལས་འགུལ་གཙོ་རིམ་ཅན་ཚུ་ ཡོད་མི་ལུ་བརྟེན་ དེ་གི་སྐོར་ལས་ ལཱ་འབད་བའི་བསྒང་ཡོདཔ་བཞིན་དུ་ གཞུང་གིས་ ཞིབ་དཔྱད་འབད་ཞིནམ་ལས་ ཆ་འཇོག་གནང་འོང་མནོ་བའི་ རེ་བ་ཡོད་ཟེར་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

 

About admin

Check Also

སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོདཔ།

༉ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོད་མི་དེ་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་མི་དེ་ ད་རེས་ནངས་པར་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་བསྒང་ཨིན་པས། དེ་ཡང་ བུམོ་ཅིག་གིས་ སྤྱི་ལོ་༢༠༢༢ …

Leave a Reply

Your email address will not be published. Required fields are marked *