ད་རུང་ གསོ་བའི་ལྷན་ཁག་ནང་ གསོ་བའི་ཚབས་རྡོལ་འགོ་འདྲེན་ལྟེ་བ་དེ་ཡང་ སྒོ་འབྱེད་འབད་ཡི།
༉ ཁ་ཙ་ མི་དབང་རྒྱལ་བཙུན་མཆོག་གི་ འཁྲུངས་སྟོན་གྱི་ཉིནམ་དང་བསྟུན་ གསོ་བའི་ལྷན་ཁག་གིས་ ནི་མོ་ཀོ་ཀཱལ་ཟེར་མི་ གློ་བའི་ཚ་ནད་དང་ རོ་ཊ་བཱའི་རཱསི་ཟེར་ རྒྱུ་མའི་ནད་གཞི་ དེ་ལས་ ཕུ་ལུ་ཟེར་ ཚ་རིམས་དང་འབྲེལ་བའི་ ནད་བཀག་སྨན་གསརཔ་གསུམ་ གསར་བཏོན་འབད་ཡི།
དེ་ཡང་ ནི་མོ་ཀོ་ཀཱལ་ནད་བཀག་སྨན་དེ་གིས་ སྐྱེས་ལོ་༥ འོག་རྒྱུའི་ཨ་ལོ་ཚུ་ གློ་བའི་ནད་འབུབ་ བེག་ཊི་རི་ཡ་དང་ གློ་བའི་ཚད་ནད་དང་ རྣ་བའི་ཚ་ནད་ ཕྲ་འབུབ་ དེ་ལས་ ཚཝ་མགུ་ནད་སྤེལ་ནི་ལས་ སྔོན་འགོག་འབདཝ་ཨིན་པས།
རྒྱལ་ཁབ་ནང་ མི་ལུ་གནོད་ཉེན་བྱུང་མི་ ནད་གཞི་གདུག་ཅན་༡༠ ཡོད་མིའི་གྲས་ལས་༡ གློ་བའི་ཚད་ནད་ཨིནམ་ད་ གློཝ་ལུ་གནོད་མི་ལུ་བརྟེན་བྱུང་བའི་ གློ་ཚད་ཀྱིས་ འབྲུག་ལུ་ ཨ་ལོ་བརྒྱ་ཆ་༢༧.༨ ལུ་ ཤི་རྐྱེན་བྱུངམ་མ་ཚད་ ཚཝ་མགུ་ནད་ཀྱིས་ ཨ་ལོ་བརྒྱ་ཆ་༥ དེ་ཅིག་ལུ་ ཤི་རྐྱེན་བྱུངམ་ཨིན་པས།
གློ་ཚད་ནད་བཀག་སྨན་དེ་ ལོ་བསྟར་བཞིན་དུ་ སྐྱེས་ལོ་༡ འོག་རྒྱུའི་ཨ་ལོ་༡༤,༠༠༠ དེ་ཅིག་ལུ་ བྱིན་ནི་ཨིནམ་མ་ཚད་ སྐྱེས་ལོ་༦༥ ཡན་ཆད་འབད་མི་ རྒན་ཤོས་༤༠,༠༠༠ དེ་ཅིག་ལུ་ཡང་ ནད་བཀག་སྨན་ བྱིན་ནི་ཨིན་པས།
ཨ་ལོ་དང་ རྒན་ཤོས་གཉིས་ཆ་རའི་དོན་ལུ་ འགོ་བཙུགས་མི་ ནད་བཀག་སྨན་དེ་ལུ་བརྟེན་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་ས་ཡ་༢༡.༩ རེ་ ཟད་འགྲོ་གནས་ནི་དང་ ནད་བཀག་སྨན་འགོ་བཙུགས་ཀྱི་ ཟད་འགྲོ་དངུལ་ཀྲམ་ས་ཡ་༤.༦༢ གནས་ནི་ཨིན་པས།
གསོ་བའི་བློན་པོ་ རྟ་མགྲིན་དབང་ཕྱུག་གིས་ བཤད་མིའི་ནང་ རྒྱུ་མའི་ནད་གཞི་ རོ་ཊ་བཱའི་རཱསི་ ནད་བཀག་སྨན་ འགོ་བཙུགས་མི་དེ་ ཨ་ལོ་ཚུ་ ཆབ་གསང་བཤལ་ནད་འཐོབ་ནི་ལས་ བཀག་ཐབས་ལུ་ཨིནམ་བཞིན་དུ་ ཆབ་གསང་བཤལ་ནད་དེ་ ཨ་ལོ་ཚུ་ ན་མི་དང་ ཤི་རྐྱེན་བྱུང་མིའི་ རྒྱུ་རྐྱེན་གཙོ་བོ་ཅིག་ཨིན་ཟེར་ཨིན་པས།
འབྲུག་ལུ་ ཆབ་གསང་བཤལ་ནད་ལུ་བརྟེན་ ཨ་ལོ་བརྒྱ་ཆ་༡༣ དེ་ཅིག་ལུ་ ཤི་རྐྱེན་བྱུང་དོ་ཡོདཔ་ད་ ནད་བཀག་སྨན་དེ་ ལོ་བསྟར་བཞིན་དུ་ སྐྱེས་ལོ་༡ འོག་རྒྱུའི་ ཨ་ལོ་༡༤,༠༠༠ དེ་ཅིག་ལུ་ བྱིན་ནི་ཨིནམ་བཞིན་དུ་ འགོ་ཐོག་སྐབས་ ཟད་འགྲོ་དངུལ་ཀྲམ་ས་ཡ་༤.༦༢ གནས་ནི་ཨིན་རུང་ འབྲུག་གསོ་བའི་བློ་གཏད་མ་དངུལ་ལུ་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་ས་ཡ་༡༢.༥༢ དེ་ཅིག་ ཟད་འགྲོ་གཏང་དགོཔ་ འཐོན་ནི་ཨིན་པས།
ད་རུང་ གསོ་བའི་སྡེ་ཚན་གྱིས་ ཨམ་སྲུ་ཨ་ལོ་ཆགས་མི་དང་ སྐྱེས་ལོ་༥ འོག་རྒྱུའི་ཨ་ལོ་ དེ་ལས་ སྐྱེས་ལོ་༦༥ ཡན་ཆད་འབད་མི་ རྒན་ཤོས་དང་ སྨན་བཅོས་འབད་དེ་ ཡུན་རིངམོ་སོང་མི་ ངོ་རྐྱང་ཚུ་གིས་གཙོས་པའི་ གནོད་ཉེན་ཆེ་དྲགས་ཡོད་མི་ སྡེ་ཚན་ཚུ་ལུ་ ཚ་རིམས་ཀྱི་ ནད་བཀག་སྨན་བྱིན་ནི་ཨིན་པས།
ཚ་རིམས་དང་འབྲེལ་བའི་ ནད་བཀག་སྨན་ལུ་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་ས་ཡ་༥༨.༨༩ གནས་ནི་དང་ འགོ་བཙུགས་སྐབས་ ཟད་འགྲོ་དངུལ་ཀྲམ་ས་ཡ་༥ གནས་ནི་ཨིན་པས།
གསོ་བའི་བློན་པོ་གིས་འབད་བ་ཅིན་ ནད་བཀག་སྨན་གསརཔ་༣ གསར་བཏོན་འབད་མི་བརྩིས་ཏེ་ དུས་རྒྱུན་གྱི་ ནད་བཀག་སྨན་བཙུགས་ལས་རིམ་ཐོག་ལས་ བསྡོམས་ཀྱིས་ནད་བཀག་སྨན་༡༤ བྱིན་འོང་ཟེར་ཨིན་པས།
ང་བཅས་ཀྱིས་ ནད་བཀག་སྨན་གསརཔ་ འགོ་བཙུགས་མི་དེ་ མི་དབང་རྒྱལ་བཙུན་མཆོག་ལས་ མི་རྒན་ཤོས་དང་ ཨ་ལོ་ཚུ་གི་དོན་ལུ་ གནང་བྱིན་སྦེ་ གནངམ་ཨིན་ཟེར་ བློན་པོ་རྟ་མགྲིན་དབང་ཕྱུག་གིས་ བཤད་པའི་ཁར་ ནད་བཀག་སྨན་གསརཔ་ འགོ་བཙུགས་མི་དེ་གིས་ རྒྱལ་ཁབ་ནང་ ན་མི་དང་ ཤི་རྐྱེན་བྱུང་མིའི་ མར་ཕབ་འབད་ཚུགས་པའི་ རེ་བ་ཡོད་ཟེར་བཤད་ཅི།
གསོ་བའི་ཚབས་རྡོལ་འགོ་འདྲེན་ལྟེ་བ་ སྒོ་འབྱེད་འབདཝ་དང་འབྲེལ་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་སྐུ་ཚབ་ ཌོག་ཊར་རུའི་པའོ་ལོ་ཌི་ ཇི་སེསི་གིས་ ལྟེ་བ་དེ་ གསོ་བའི་དྲུང་ཆེན་ ཌོག་ཊར་ཨོ་རྒྱན་རྡོ་ཕུག་ལུ་ རྩིས་སྤྲོད་ཡོད་པའི་གནས་ཚུལ།