གསོ་བའི་ལྷན་ཁག་གིས་ ཀ་ཆེན་༤ ལུ་གཙོ་བོར་བཟུང་སྟེ་ ནད་ཡམས་ཀྱི་ གདོང་ལེན་འབད་ནི།

༉ རྒྱལ་ཁབ་ནང་ ད་ལྟོ་ཚུན་ གསོ་བ་ལྷན་ཁག་གིས་ ཁྲག་བརྟག་དཔྱད་འབད་མི་ཨར་ཌི་ཊི་དང་ ལྷ་ཆུ་དང་ཁ་ཆུ་ བརྟག་དཔྱད་འབད་མི་ ཨར་ཊི་ པི་སི་ཨར་གུ་ ཤུགས་བཏོན་ཡོདཔ་ད་ ད་ལས་ཕར་ འབྲུག་མི་ཡོངས་ལུ་ ཨེན་ཊི་ཇེནཊི་བརྟག་དཔྱད་འབད་ནི་ལུ་ ཤུགས་གཏོན་ནི་ཨིན་པས།
ད་ལྟོ་ཚུན་ སྤྱིར་བཏང་གི་ ཁྲག་བརྟག་དཔྱད་འབདཝ་ད་ དུས་ཡུན་སྐར་མ་༡༥ དང་༢༠ གི་བར་ན་འགོར་མི་ ཨར་ཌི་ཊི་དང་ ལྷ་ཆུ་དང་ཁ་ཆུ་བཏོན་ཞིནམ་ལས་ དུས་ཡུན་ཆུ་ཚོད་༦ གི་རིང་ ཀོ་རོ་ན་བའེ་རཱསི་ནད་འབུབ་ཡོད་མེད་ཀྱི་ ཨར་ཊི་པི་སི་ཨར་ བརྟག་དཔྱད་འབད་ཡོདཔ་ཨིན་པས།
ད་རེས་ འཕྲུལ་རིག་གསརཔ་ ཨེན་ཊི་ཇེནཊ་བརྟག་དཔྱད་དེ་ཡང་ ལྷ་ཆུ་དང་ཁ་ཆུ་ བཏོན་འབག་ཞིནམ་ལས་ དུས་ཡུན་སྐར་མ་༣༠ ནང་འཁོད་ནང་ར་ གྲུབ་འབྲས་གཏོན་ཚུགསཔ་ཨིན་ཟེར་ བློན་པོ་གིས་ བཤད་ཅི།
ད་རིས་ སློབ་གྲྭ་དང་ ཡིག་ཚང་ ཚོང་ཁང་ དེ་ལས་ རྩེདམོ་རྩེ་ནི་ཚུ་ ལོག་སྒོ་ཕྱེས་ཡོདཔ་ལས་ ད་ལས་ཕར་ ནད་ཡམས་དེ་ མི་སྡེ་ནང་ འཐོན་མི་བཅུག་ནིའི་དོན་ལུ་ ཐབས་ལམ་བཏོན་མིའི་ནང་ ཀ་ཆེན་༤ བརྩམས་ཏེ་ཡོད་ཟེར་ བློན་པོ་བདེ་ཆེན་དབང་མོ་གིས་ བཤད་ཅི།
འབྲུག་མི་ག་ར་ལུ་ ནད་ཡམས་བརྟག་དཔྱད་འབད་ཞིནམ་ལས་རྐྱངམ་གཅིག་ ནད་འབུབ་ཡོད་མེད་ཤེས་ཚུགས་པའི་ཁར་ མི་སྡེ་ནང་ཡོད་མེད་ཡང་ ཤེས་ཚུགས་པའི་ དགོས་དོན་ཁྱད་པར་ཅན་དང་འཁྲིལ་ཨིན་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།
ཀ་ཆེན་དང་པ།
བདུན་ཕྲག་འདི་ནང་ ནད་ཡམས་ཀོ་བིཌ་ཁྱབ་སྤེལ་འགྱོ་ནིའི་ ཉེན་ཁ་ཅན་གྱི་ ས་མཚམས་བདའ་སྡོད་མི་ མི་སེར་ག་ར་དང་ གློ་བུར་ནདཔ་ཚུ་ལུ་ ཨེན་ཊི་ཇེནཊི་བརྟག་དཔྱད་འབད་ནིའི་དོན་ལུ་ ས་མཚམས་བདའ་ཡོད་མི་ སྨན་ཁང་ག་རའི་ནང་ མཐུན་རྐྱེན་ཚུ་ བཙུགས་ཡོདཔ་མ་ཚད་ སྨན་པ་ཚུ་ལུ་ཡང་ སྦྱོང་བརྡར་བྱིན་ཡོདཔ་ལས་ བརྟག་དཔྱད་འབད་ནི་ འགོ་བཙུགས་ཏེ་ཡོད་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།
བདུན་ཕྲག་༢ དང་༣ གྱི་རྒྱབ་ལས་ གཞན་རྫོང་ཁག་ཚུ་ནང་ ཨེན་ཊི་ཇེནཊི་བརྟག་དཔྱད་ལས་རིམ་ འགོ་བཙུགས་ནི་ཨིན་ཟེར་ཨིན་པས།
ད་ལྟོ་ཚུན་ ནད་འབུབ་ངེས་ཏིག་ཐོབ་ཡོད་མེད་ཀྱི་ བརྟག་དཔྱད་དེ་ ཨར་ཊི་ པི་སི་ཨར་གི་ཞབས་ཏོག་ཐོག་ལས་ ཐིམ་ཕུག་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དང་ ཕུན་ཚོགས་གླིང་ དེ་ལས་ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་༣ ལས་ འགོ་འདྲེན་འཐབ་ནུག།
སྤྱི་ཟླ་༧ པའི་ཚེས་༤ ལུ་ དགེ་ལེགས་ཕུག་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ཡང་ ཀོ་རོ་ན་བའེ་རཱསི་ནད་འབུབ་ཡོད་མེད་བརྟག་དཔྱད་འབད་ནིའི་ འཕྲུལ་རིག་དང་ རྒྱུ་དངོས་ དེ་ལས་ མཁས་རིག་ཚུ་ གཞི་བཙུགས་ཡོདཔ་ལས་ ལུང་ཕྱོགས་ག་ར་ནང་ ཁྱབ་ཨིན་པས།
ཐིམ་ཕུག་རྒྱལ་ཡོངས་སྨན་ཁང་གིས་ སྤ་རོ་དང་ ཧཱ་ མགར་ས་ དབང་འདུས་ བུམ་ཐང་ དེ་ལས་ སྤུ་ན་ཁ་རྫོང་ཁག་གི་ མི་སེར་ཡོངས་ལུ་ ཞབས་ཏོག་བྱིན་ནི་དང་ གསར་སྤང་དང་ གཞལམ་སྒང་ དར་དཀར་ནང་ རྩི་རང་རྫོང་ཁག་ཚུ་གི་དོན་ལུ་ དགེ་ལེགས་ཕུག་སྨན་ཁང་གིས་ འགོ་འདྲེན་འཐབ་ནི་ཨིན་པས།
དེ་བཟུམ་སྦེ་ མོང་སྒར་སྨན་ཁང་གིས་ ལྷུན་རྩེ་དང་ བཀྲིས་སྒང་ བཀྲིས་གཡང་རྩེ་ པདྨ་དགའ་ཚལ་ དེ་ལས་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་དང་ ཕུན་ཚོགས་གླིང་སྨན་ཁང་གིས་ བསམ་རྩེ་དང་ ཆུ་ཁ་རྫོང་ཁག་གི་ མི་སེར་ཚུ་ བདག་འཛིན་འབད་ནི་སྦེ་ འགན་ཁུར་ཕོག་ཡོདཔ་ཨིན་པས།
བློན་པོ་གིས་ སླབ་མིའི་ནང་ ནད་ཡམས་མ་ཐོན་པའི་ཧེ་མར་ འབྲུག་ལུ་ ཐིམ་ཕུག་རྒྱལ་ཡོངས་སྨན་ཁང་ནང་ རྐྱངམ་གཅིག་མ་གཏོགས་ གཞན་རྫོང་ཁག་ཚུ་ནང་ བརྟག་དཔྱད་ཀྱི་མཐུན་རྐྱེན་ཚུ་ ག་ནི་ཡང་མེད་ཟེར་ཨིན་པས།
ད་ལས་ཕར་ བརྟག་དཔྱད་འབད་ནིའི་ ལམ་ལུགས་གསརཔ་དེ་ ཨེན་ཊི་ཇེནཊི་བརྟག་དཔྱད་འབད་ནི་ འགོ་བཙུགས་དོ་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།
ཨེན་ཊི་བོ་ཌི་བརྟག་ཞིབ་དེ་ རྫོང་ཁག་༢༠ གི་སྨན་ཁང་ནང་ གཞི་བཙུགས་ཡོདཔ་ལས་ མི་སེར་ག་ར་གིས་ བརྟག་དཔྱད་འབད་ནི་ཨིནམ་མ་ཚད་ བདུན་ཕྲག་འདི་ནང་ ཨེན་ཊི་ཇེནཊི་བརྟག་དཔྱད་འགོ་བཙུགས་ནི་ཨིན་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།
བློན་པོ་གིས་འབད་བ་ཅིན་ ཨེན་ཊི་ཇེནཊི་བརྟག་དཔྱད་ཀྱི་ གྲུབ་འབྲས་ལས་ དུས་ཡུན་ཐུང་ཀུ་ཅིག་ནང་ བཏོན་ཚུགས་པའི་ འཕྲུལ་ཆས་ཅིག་ཨིནམ་ལས་ གློ་བུར་གྱི་གནས་སྟངས་ནང་ བྱ་སྟབས་བདེ་ཏོག་ཏོ་ཅིག་ཨིན་ཟེར་ཨིན་པས།
ཀ་ཆེན་༢ པ།
གལ་སྲིད་ མི་སྡེ་ནང་ ནད་ཡམས་ཐོན་ཡོད་མི་དེ་ བདའ་ཟུན་ནིའི་དོན་ལུ་ གྲོང་གསེབ་སྨན་པ་དང་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ དེ་འཕྲོ་ལས་ ནདཔ་དེ་ ནད་ཡམས་ཀོ་བིཌ་གི་ བརྟག་དཔྱད་འབད་དེ་ ཤེས་ཚུགས་ཟེར་ཨིན་པས།
ནད་ཡམས་ཀོ་བིཌ་ཐོབ་ཉེན་ཆེ་བའི་ མི་སེར་ཚུ་གི་ སྡེ་ཚན་ཅིག་བཟོ་ཡོད་མི་དེ་ དུས་རྒྱུན་དུ་ ཕར་ཚུར་རྒྱུན་འགྲུལ་འབད་སྡོད་མི་ སྐྱེལ་འདྲེན་བཱསི་གི་དེད་གཡོགཔ་དང་ ཊཱག་གི་དེད་གཡོགཔ་ གླ་འཁོར་དེད་གཡོགཔ་ལ་སོགས་པ་ཚུ་ལུ་ ཟླཝ་རེ་ནང་ བརྟག་དཔྱད་འབད་ནི་ཨིན་པས།
སྨན་ཁང་ནང་ ནདཔ་ཅིག་ཚ་རིམས་འཐོབ་པ་ཅིན་ དེ་འཕྲོ་ལས་ བརྟག་དཔྱད་འབད་ནི་དང་ ནད་འབུབ་ཐོབ་མི་འབད་བ་ཅིན་ རྐྱང་གནས་ནད་བརྟག་ཁང་ནང་བཞག་ཞིནམ་ལས་ མི་སྡེ་ནང་ མི་སྤེལ་ནིའི་དོན་ལུ་ ནདཔ་དེ་དང་ འབྲེལ་བ་འཐབ་མི་ག་ར་ བརྟག་དཔྱད་འབད་ནི་ཨིན་པས།
ཀ་ཆེན་༣ པ།
ད་ལྟོ་ཚུན་ ནད་འབུབ་ཡོདཔ་སྦེ་ བདའ་ཟུན་མི་ཚུ་ དེ་འཕྲོ་ལས་ སྨན་ཁང་ནང་འབག་བསྐྱལ་ཏེ་ སྨན་བཅོས་འབད་ནི་ཡོད་རུང་ གལ་སྲིད་ མི་སྡེ་ནང་ ནདཔ་ཅིག་འཐོན་པ་ཅིན་ གཙོ་རིམ་བསྒྲིགས་ཏེ་ ཡོད་ཟེར་ཨིན་པས།
དེ་ཡང་ ནདཔ་དེ་ ན་ཚ་མེད་མི་ ན་གཞོན་འབད་བ་ཅིན་ མི་སྡེ་ནང་ ཟུར་བཞག་ས་གོ་ནང་བཞག་ནི་དང་ ན་ཚ་ཡོད་མི་ཅིག་ལུ་ ནད་ཡམས་ཐོབ་མི་འབད་བ་ཅིན་ སྨན་ཁང་ནང་ འབག་བསྐྱལ་ནི་ཨིན་ཟེར་ བློན་པོ་གིས་ བཤད་ཅི།
རྫོང་ཁག་༢༠ གི་ སྨན་ཁང་ནང་ཚུ་ ནདཔ་བཞག་ནིའི་དོན་ལུ་ ད་ལྟོ་ཚུན་ ཉལ་ཁྲི་༦༠༠ ལྷགཔ་ཅིག་ ངོས་འཛིན་འབད་ཡོདཔ་ད་ ནད་ཡམས་ཐོབ་མི་ནདཔ་དེ་ འཚུབས་ཅན་གྱི་གནས་སྟངས་ནང་འབད་བ་ཅིན་ གཞུང་གིས་ ངོས་འཛིན་འབད་ཡོད་པའི་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་༤ ནང་འབག་སྐྱེལ་དེ་ སྨན་བཅོས་འབད་ཚུགས་ནི་ཨིནམ་ལས་ ཡོངས་བསྡོམས་ཨའེ་སི་ཡུ་ཉལ་ཁྲི་༥༤ གི་མཐུན་རྐྱེན་ཚུ་ བཙུགས་ཡོདཔ་ཨིན་པས།

བཀྲིས་ཕུན་ཚོགས།

 

ཀ་ཆེན་༤ པ།
ནད་ཡམས་ཀོ་བིཌ་ཐོབ་མི་ཚུ་ལུ་ ད་ལྟོ་ཚུན་ འཛམ་གླིང་རྒྱལ་ཁབ་ནང་ སྨན་ཁབ་དང་ སྨན་ཚུ་མེད་ནི་དེ་གིས་ ང་བཅས་མི་སེར་ཚུ་ལུ་ ག་ཅི་ཡོད་ཟེར་བ་ཅིན་ ཚན་རིག་མཁས་པ་ཚུ་གིས་ ཁ་རས་ལག་ལེན་འཐབ་ནི་དང་ ལགཔ་ཆུ་འཁྱུ་ནི་ རང་དང་གཞན་གྱི་བར་ན་ ས་སྟོང་བཞག་ནི་ དེ་ལས་ མི་སྤུངས་འཛོམས་འབད་ནི་ལས་ འཛེམ་ནི་ཚུ་ཨིན་ཟེར་ གསོ་བའི་བློན་པོ་ བདེ་ཆེན་དབང་མོ་གིས་ བཤད་ཅི།
བློན་པོ་གིས་ བཤད་མི་དང་འཁྲིལཝ་ད་ མི་སྡེ་ནང་ ཀོ་རོ་ན་བའེ་རཱསི་ནད་འབུབ་འཐོབ་རུང་ མི་རང་རྐྱང་གིས་ འཕྲལ་འཕྲལ་ར་ འབད་དགོ་པའི་ སྤྱོད་ལམ་༤ པོ་དེ་ ལག་ལེན་འཐབ་པ་ཅིན་ འདྲོག་དགོཔ་དང་ འཚེར་དགོཔ་མེད་པའི་ཁར་ ནད་འབུབ་ཡང་ མི་ཐོབ་ཟེར་ཨིན་པས།
གསོ་བ་ལྷན་ཁག་གིས་འབད་རུང་ ཚན་རིག་མཁས་པ་ཚུ་གིས་ སྤྱོད་ལམ་དེ་ལུ་ གཙོ་བོར་བཟུང་དགོཔ་སྦེ་ སླབ་སྟོན་འབད་མི་དང་འཁྲིལ་ འབྲུག་མི་ཡོངས་ཀྱིས་ བརྩོན་ཤུགས་ཐེབས་བསྐྱེད་ཞིནམ་ལས་ ལག་ལེན་འཐབ་གནང་ཟེར་ དྲན་ཚོར་འབདཝ་ཨིན་པས།
འབྲུག་ལུ་ བཙག་འཐུ་གསལ་བསྒྲགས་བརྡ་བྱང་༥༥༣ དེ་ཅིག་ཡོད་མིའི་ནང་ སྤྱོད་ལམ་དམ་ཟབ་སྦེ་ ལག་ལེན་འཐབ་ཐངས་ཀྱི་སྐོར་ལས་ ཁ་གསལ་སྦེ་བྲིས་མི་དེ་ བདུན་ཕྲག་གི་ཤུལ་ལས་ སྦྱར་ནི་ཨིནམ་ལས་ གོ་བ་ལེན་ཏེ་ ག་དེ་དྲག་དྲག་མི་མང་ལུ་ ཁྱབ་སྤེལ་འབད་དགོཔ་སྦེ་ བློན་པོ་གིས་ བཤདཔ་ཨིན་པས།
འཛམ་གླིང་རྒྱལ་ཁབ་ནང་ ནད་ཡམས་ཀོ་བིཌ་གི་ སྨན་ཁབ་དང་ སྨན་ཚུ་ བཟོ་མ་ཚུགས་མི་ལུ་བརྟེན་ ད་ལྟོ་ཚུན་ ཁ་རས་ལག་ལེན་འཐབ་ནི་དང་ ལགཔ་ཆུ་འཁྱུ་ནི་ མི་གི་བར་ན་ ས་སྟོང་བཞག་ནི་ དེ་ལས་ མི་སྤུངས་འཛོམས་འབད་ལས་ འཛེམ་ནི་ལུ་ གཙོ་བོར་བཟུང་སྟེ་ ལག་ལེན་འཐབ་ཨིན་ཟེར་ཨིན་པས།
འབྲུག་ལུ་ ནད་འབུབ་ཐོབ་མི་༧༨ གུ་ལྷོད་རུང་ དྲག་མིའི་གནས་ཚད་དེ་ བརྒྱ་ཆ་ལས་༨༣ གུ་ལྷོད་མི་དེ་ བློན་པོ་དང་འཁྲིལ་བ་ཅིན་ རྒྱལ་ཡོངས་ཀྱི་དམིགས་ཡུལ་དེ་ཡང་ མི་ཕུད་རྡོག་གཅིག་ལུ་ཡང་ ཤི་རྐྱེན་འབྱུང་མི་བཅུག་ནི་དེ་ཨིནམ་ལས་ ད་ལྟོ་ཚུན་ གནས་སྟངས་ལེགས་ཤོམ་སྦེ་ར་ ཡོད་ཟེར་ཨིན་པས།
ད་ལྟོ་ཚུན་ ལེགས་ཤོམ་འགྱོ་མི་དེ་ཡང་ གསོ་བ་ལྷན་ཁག་གིས་ ཉེན་ཁ་ཆེ་མི་ནདཔ་ རྒན་རྒས་དང་ ན་ཚ་ཡོད་མི་ དེ་ལས་ དབང་པོ་ལུ་ ཐོ་ཕོག་མི་ཚུ་ ལྷག་པར་དུ་ སྨན་བཅོས་ཀྱི་ཞབས་ཏོག་ཚུ་ གང་དྲག་ཞུ་བའི་ཁར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཉིན་ནུབ་མེད་པར་ གདོང་ལེན་གྱི་ཕྱག་ལཱ་ཚུ་ མཛད་གནང་མི་ལུ་བརྟེན་ཨིན་ཟེར་ བློན་པོ་ བདེ་ཆེན་དབང་མོ་གིས་ སླབ་ཨིན་པའི་གནས་ཚུལ།

About admin

Check Also

སྒེར་གྱི་སློབ་གྲྭའི་འཐུས་ཐེབས་ དངུལ་ཀྲམ་ས་ཡ་༣༠ སྤྲོད་མི་ལུ་ ཕམ་ཚུ་ལས་དྲི་བཀོད།

༉ སྤྱི་ལོ་༢༠༢༠ འི་ སློབ་དུས་ཕར་འགྱངས་འབད་ཡོདཔ་ལས་ གཞུང་གི་སློབ་གཉེར་གྲོགས་རམ་ཐོག་ལུ་ སྒེར་གྱི་སློབ་གྲྭ་ཚུ་ནང་ འཛུལ་ཞུགས་འབད་མི་ སློབ་ཕྲུག་ཚུ་ལུ་ ཤེས་རིག་ལྷན་ཁག་གིས་ སློབ་གྲྭའི་འཐུས་ ཐེབས་སྤྲོད་ཡོདཔ་ཨིན་པས། ཨིན་རུང་ ཟད་འགྲོ་རང་གིས་བཏང་སྟེ་ སྒེར་གྱི་སློབ་གྲྭ་ཚུ་ནང་ ཤེས་ཡོན་སྦྱང་མི་ …

Leave a Reply

Your email address will not be published. Required fields are marked *