༉ གསོ་བའི་ཞབས་ཏོག་ སྒེར་སྡེ་ལུ་ ལག་ལེན་འཐབ་བཅུག་ནི་དེ་ མི་སེར་གྱི་ ལྕོགས་གྲུབ་དང་བསྟུན་ཏེ་ འབད་ནི་མ་གཏོགས་ ད་ལྟོ་ སྒེར་སྡེ་ལུ་ བསྒྱུར་བཅོས་འབད་ནིའི་ འཆར་གཞི་མེདཔ་ཨིན་པས།
དེ་ཡང་ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་ནང་ གསོ་བའི་བློན་པོ་ རྟ་མགྲིན་དབང་ཕྱུག་གིས་ ད་ལྟོ་ འཐུས་སྤྲོད་ཐོག་ལས་ གསོ་བའི་ཞབས་ཏོག་ལེན་ཚུགས་མི་ གངམ་མེདཔ་ལས་ གསོ་བ་དེ་ སྒེར་སྡེ་ལུ་ བསྒྱུར་བཅོས་མི་འབད་ཟེར་ ཞུ་ཡི།
གནད་དོན་དེའི་ཐོག་ལུ་ དྲི་བ་དེ་ གཞལམ་སྒང་ པཱན་སྦང་གི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ ཞུ་ཡོདཔ་ད་ དེ་ཡང་ ཁོ་གིས་འབད་བ་ཅིན་ དཔལ་འབྱོར་གོང་འཕེལ་གྱི་སྲིད་བྱུས་༢༠༡༦ ཅན་མ་དང་འཁྲིལ་བ་ཅིན་ ད་རེས་གཞུང་གིས་ སྒེར་གྱི་སྨན་ཁང་ གཞི་བཙུགས་འབད་ནི་ཨིན་པའི་ དོགས་པ་ཆགས་མི་དེ་ སྲིད་བྱུས་ནང་ གསོ་བའི་ལས་སྡེ་ནང་ སྒེར་སྡེ་དང་ཕྱི་མི་ཚུ་ བཅའ་མར་གཏོགས་བཅུག་ནི་དང་ ཕྱིའི་རྒྱལ་ཁབ་ལས་ གསོ་བའི་མཁས་མཆོག་དང་ སྨན་པ་ཚུ་ རྒྱལ་ཁབ་ནང་འོང་བཅུག་ནི་ལ་སོགས་པ་ཚུ་ ཚུད་མི་དེ་གིས་ སྒེར་སྡེ་ལུ་ བསྒྱུར་བཅོས་འབད་ནི་ཨིན་པའི་ བརྡ་མཚོན་སྟོནམ་མས་ཟེར་ ཞུ་ཡི།
གསོ་བའི་བློན་པོ་གིས་འབད་བ་ཅིན་ དཔལ་འབྱོར་གོང་འཕེལ་གྱི་ སྲིད་བྱུས་༢༠༡༡ ཅན་མ་དང་ སྲིད་བྱུས་༢༠༡༧ ཅན་མ་གཉིས་ལུ་ ཁྱད་པར་ག་ནི་ཡང་མེདཔ་ལས་ དེ་མི་བདེན་ཟེར་ཨིན་པས།
བློན་པོ་གིས་ ཁྱད་པར་དུམ་གྲ་ཅིག་ཡོད་མི་དེ་ སྲིད་བྱུས་དང་བསྟུན་ སྤྱི་ལོ་༢༠༡༢ ལུ་ ནདཔ་བརྟག་དཔྱད་ཁང་༡༣ འབད་མི་ཅིག་ རྐྱབ་ནི་འགོ་བཙུགས་མི་དེ་ བཅའ་ཁྲིམས་དང་ སྒྲིག་གཞི་ཚུ་ སྒྲིང་སྒྲི་མེདཔ་ལས་ ད་རེས་གཞུང་གིས་ མཚམས་འཇོག་འབད་བཞག་ཅི་ཟེར་ ཞུ་ཡི།
མོང་སྒར་ སྐྱེངས་མཁར་ཝེ་རིང་ལའི་འཐུས་མི་ རིག་འཛིན་རྒྱ་མཚོ་གིས་ ད་རེས་ རྒྱལ་ཁབ་ནང་ སྨན་ཁང་དང་འཕྲུལ་ཆས་ གསོ་བའི་ལས་བྱེདཔ་ དྲུང་འཚོ་ལ་སོགས་པ་ཚུ་ མ་ལང་པའི་དཀའ་ཡོདཔ་མ་ཚད་ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་ མོ་ནད་མཁས་མཆོག་ ཕུད་རྡོག་གཅིག་ཡང་མེད་པའི་ དཀའ་ངལ་ཡོད་མི་ཚུ་ སེལ་ནིའི་དོན་ལས་ གཞུང་ལུ་ འཆར་གཞི་ཚུ་ ག་ཅི་ར་ཡོད་ག་ཟེར་ ཞུ་ཡི།
དེ་ལུ་ གསོ་བའི་བློན་པོ་རྟ་མགྲིན་དབང་ཕྱུག་གིས་ ནད་བརྟག་དཔྱད་དང་ མི་སྟོབས་གོང་འཕེལ་གྱི་ལཱ་ཚུ་ འབད་བའི་བསྒང་ཡོདཔ་མ་ཚད་ འཕྲུལ་ཆས་རྐྱངམ་གཅིག་གི་དོན་ལུ་ འཆར་གཞི་༡༠ པའི་ནང་ ཟད་འགྲོ་དངུལ་ཀྲམ་ས་ཡ་༤༠༠ ལྷགཔ་ཅིག་ བཏང་མི་དེ་ འཆར་གཞི་༡༡ པའི་ས་ཡ་༥༠༠ ལྷགཔ་ཅིག་ བཏང་ཡོདཔ་མ་ཚད་ དངུལ་ཀྲམ་ས་ཡ་༣༥༠ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ གློག་པར་འཕྲུལ་ཆས་ སི་ཊི་ཨིས་ཀེན་གྱི་དོན་ལུ་ ཟད་འགྲོ་བཏང་ཡི་ཟེར་ཨིན་པས།
མོང་སྒར་ལུང་ཕྱོགས་སྨན་ཁང་ནང་ མོ་ནད་མཁས་མཆོག་མེད་པའི་དཀའ་ངལ་དེ་ གསོ་བའི་ལྷན་ཁག་གིས་ ཕྱིའི་རྒྱལ་ཁབ་ཚུ་ལས་ དྲུང་འཚོ་༡༧ ལེན་པའི་སྐབས་ དེའི་གྲས་ལས་གཅིག་ གཏང་ནི་ཟེར་ཨིནམ་མ་ཚད་ ལུང་ཕྱོགས་སྨན་ཁང་དང་ དགེ་ལེགས་ཕུག་ལུང་ཕྱོགས་སྨན་ཁང་ནང་ཡང་ སི་ཊི་ཨིས་ཀེན་ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོད་ཟེར་ ཨིན་པའི་གནས་ཚུལ།
བསྟན་འཛིན་རྣམ་རྒྱལ།