གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས།

མ་གཞི་ འབྲུག་མི་ཚུ་གིས་ རང་སོའི་ ཟླ་རིམ་དངུལ་ཕོགས་ལས་ བརྒྱ་ཆ་༢ རེ་ གསོ་བའི་ཁྲལ་སྦེ་ སྤྲོད་དོ་ཡོདཔ་ཨིན་རུང་ ང་བཅས་ཀྱིས་ ཞབས་ཏོག་ལེན་ཐངས་ལུ་ཡང་ རག་ལས་འོང་ཟེར་ཨིན་པས།

གསོ་བ་བློན་པོ་ བདེ་ཆེན་དབང་མོ་གིས་ སླབ་མིའི་ནང་ གསོ་བའི་ཞབས་ཏོག་ཚུ་ མ་འོངས་པ་ཡང་ ཡུན་བརྟན་བཞག་དགོ་པ་ཅིན་ ད་ལྟོ་ལས་ར་ ཞབས་ཏོག་ཚུ་ ཚུལ་མཐུན་སྦེ་ ལག་ལེན་འཐབ་དགོཔ་ ཁག་ཆེ་བས་ཟེར་ཨིན་པས།

ད་རེས་ཀྱི་ གནས་སྟངས་ནང་ མི་ཚུ་གིས་ མགུ་ཏོ་ཅིག་ན་རུང་ དྲུང་འཚོ་མཁས་མཆོག་ཚུ་དང་ འཕྱད་ནི་ལུ་ ལྟ་དོ་ཡོདཔ་ད་ དུམ་གྲ་རེ་ ན་བའི་སྐབས་ལས་ར་ སི་ཊི་ཨིས་ཀཱེན་དང་ ཨེམ་ཨར་ཨའི་ཚུ་རྐྱབ་ནིའི་ རེ་འདོད་བསྐྱེད་དོ་ཡོདཔ་ཨིན་པས།

གསོ་བའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དེ་བཟུམ་མའི་ ཞབས་ཏོག་ཚུ་ལུ་ མཁོ་འདོད་བཀོད་མི་དེ་ཡང་ མི་སེར་ཚུ་གིས་ ཞབས་ཏོག་དེ་ཚུ་དང་འབྲེལ་བའི་ ཟད་འགྲོ་ཚུ་ ག་དེ་སྦེ་ར་ གནས་དོ་ཡོདཔ་ཨིན་ན་ མིག་གིས་མ་མཐོང་ནི་དེ་གིས་ ཨིན་མས་ཟེར་ཨིན་པས།

འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ས་གནས་མཐའ་ཟུར་ཚུ་ནང་ལས་ སྨན་བཅོས་འབད་བར་འོང་མི་ཚུ་ལུ་ དཀའ་ངལ་མེདཔ་ཨིན་རུང་ དམིགས་བསལ་དུ་ ཐིམ་ཕུག་ལུ་སྡོད་མི་དང་ ཁྲོམ་ཁར་སྡོད་མི་ཚུ་གིས་ ནད་གཞི་ཆུང་ཀུ་ཅིག་གི་དོན་ལུ་ཡང་ ཌོག་ཊར་མཁས་མཆོག་ཚུ་ འཚོལ་དོ་ཡོདཔ་ད་ ཞབས་ཏོག་སྦོམ་ཚུ་ མཁོ་འདོད་བཀོདཔ་མས་ཟེར་ཨིན་པས།

འབྲུག་པའི་ གསོ་བའི་ལམ་ལུགས་དེ་ གཞུང་གིས་ བདག་འཛིན་འཐབ་པའི་ཁར་ ཟད་འགྲོ་ཡང་ གཞུང་གིས་བཏང་སྟེ་ ཞབས་ཏོག་ཚུ་ མི་སེར་ག་རའི་དོན་ལུ་ སྤྲོད་ཚུགསཔ་འབད་ནིའི་ གཞི་རྩ་ལུ་ གཙོ་བོར་བཏོན་ཏེ་ འགོ་འདྲེན་འཐབ་ཨིན་པས།

འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ད་ལྟོ་ གསོ་བའི་ཁྲལ་ དུམ་གྲ་རེ་བཏབ་མི་ཚུ་ཡང་ ཞི་གཡོགཔ་ཚུ་ རྐྱངམ་གཅིག་ཨིནམ་ལས་ ཞབས་ཏོག་ཚུ་ དགོས་མཁོ་དང་འཁྲིལ་ཏེ་ མ་ལེན་པ་ཅིན་ མ་འོངས་པར་ གསོ་བའི་ཞབས་ཏོག་དེ་ ཡུན་བརྟན་ཐོག་ བཞག་མ་ཚུགས་པའི་ ཚ་གྱང་ཡོད་ཟེར་ཨིན་པས།

གནས་ཚུལ་བཤད་མི་ཚུ་དང་འཁྲིལཝ་ད་ ད་རེས་ རྒྱལ་ཁབ་ནང་ གསོ་བའི་ཟད་འགྲོ་དང་ མི་སེར་གྱི་མཁོ་འདོད་ དེ་ལས་ དེང་སང་གི་ གཅིག་ལས་གཅིག་ལུ་མ་འབུ་བའི་ ནད་གཞི་ཚུ་ལུ་བརྟེན་ སྨན་བཅོས་ལམ་ལུགས་ཀྱི་ ཟད་འགྲོ་ཡར་སེང་འགྱོ་བའི་ གྲོས་བསྡུར་ཚུ་ སྦོམ་སྦེ་ར་ བྱུང་དོ་ཡོདཔ་ཨིན་པས།

ད་ལྟོའི་གནས་སྟངས་ནང་ འབྲུག་ལུ་ སྨན་བཅོས་འབད་མ་ཚུགས་པའི་ནདཔ་ཚུ་ ཕྱི་རྒྱལ་ལུ་ བཏང་པའི་སྐབས་ ཟད་འགྲོ་ཚུ་ སྦོམ་སྦེ་ར་ གནས་དོ་ཡོདཔ་ཨིན་པས།

སྙན་ཞུ་ཚུ་དང་འཁྲིལཝ་ད་ མི་སེར་གྱི་ ཞབས་ཏོག་མཁོ་འདོད་ ཡར་སེང་འགྱོ་མི་ལུ་བརྟེན་ ཁྱད་རིག་ཅན་གྱི་ མི་སྟོབས་བཟོ་ནི་དང་ འཕྲུལ་ཆས་ཚུ་ མཁོ་སྒྲུབ་འབད་ནིའི་དོན་ལུ་ ཟད་འགྲོ་ཚུ་ ཡར་སེང་འགྱོ་དོ་ཡོདཔ་སྦེ་བཀོན་ནུག།

དེའི་གུ་ ལོ་༥ འི་འཆར་གཞི་གི་ འཆར་དངུལ་ལས་འབད་རུང་ ལྷན་ཁག་ཚུ་གི་གྲས་ལས་ གསོ་བའི་ལྷན་ཁག་ལུ་ ཉུང་དོ་ཡོདཔ་ཨིན་པས།

ད་ལྟོ་ གཞུང་གིས་ གསོ་བའི་དོན་ལུ་ འཆར་དངུལ་བརྒྱ་ཆ་༦.༥ བཞག་ས་ལས་ གསོ་བའི་ཟད་འགྲོ་དེ་ རྒྱལ་ཁབ་ནང་འཁོད་ལུ་ ཐོན་སྐྱེད་ཡོངས་བསྡོམས་ལས་ བརྒྱ་ཆ་༣.༦ གནས་དོ་ཡོདཔ་ད་ གསོ་བའི་ཞབས་ཏོག་ ཡུན་བརྟན་ཐོག་ལུ་ བཞག་དགོ་པ་ཅིན་ འཆར་དངུལ་ཚད་གཞི་ ཡར་སེང་འབད་དགོཔ་ཨིན་པས།

རྒྱལ་སྤྱིའི་གནས་ཚད་ལས་ དཔྱད་པ་ཅིན་ འབྲུག་བཟུམ་མའི་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ ཡུན་བརྟན་ཐོག་ལུ་ བཞག་དགོ་པ་ཅིན་ འཆར་དངུལ་དེ་ རྒྱལ་ཁབ་ཀྱི་ ནང་འཁོད་ཐོན་སྐྱེད་ལས་ བརྒྱ་ཆ་༥ དང་ གཞུང་གི་འཆར་དངུལ་ལས་ བརྒྱ་ཆ་༨ དེ་ཅིག་ བཞག་དགོཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོ་པའི་རྒྱབ་ཁུངས་དང་ དྲིན་ལན་འཇལ་ནིའི་ཐབས་ལམ།

༉ རང་ཟླ་༩ པའི་ཚེས་༢༢ ལུ་ ལྷ་བབས་དུས་ཆེན་གྱི་ཉིནམ་འདི་ དྲིན་ཅན་ཕ་མའི་ཉིནམ་སྦེ་ བརྩི་སྲུང་ཞུཝ་ཨིན།  དེ་སྦེ་བརྩི་སྲུང་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོཔ་ ཁག་ཆེཝ་ཨིནམ་ ཤེས་ནིའི་དོན་ལུ་ཨིན། ཕམ་ཚུ་ལུ་ དྲིན་ལན་འཇལ་དགོ་པའི་ཁུངས་ …

Leave a Reply

Your email address will not be published. Required fields are marked *