སྦས་སྦིས་ནང་ལུ་ ཡན་ལག་སྨན་ཁང་ བཟོ་སྐྲུན་འབད་ནིའི་དོན་ལུ་ ས་བསླང་རྟེན་འབྲེལ་ བརྩི་སྲུང་འབད་བའི་བསྒང་།

གསོ་བའི་ཞབས་ཏོག་ ཡར་དྲག་གཏང་ཐབས་ལུ་ ཡན་ལག་སྨན་ཁང་ཚུ་ བཟོ་སྐྲུན་འབད་ནི།

༉ ཁྲོམ་སྡེ་ཚུ་ནང་ མི་མང་གི་ གཟུགས་ཁམས་འཕྲོད་བསྟེན་བདག་འཛིན་དང་ གསོ་བའི་ཞབས་ཏོག་ཚུ་ སྤུས་ཚད་ཅན་སྦེ་ མཁོ་སྤྲོད་འབད་ནིའི་དོན་ལུ་ གསོ་བ་ལྷན་ཁག་དང་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ ཁྲོམ་སྡེ་ཕྱི་ཁར་ ཡན་ལན་སྨན་ཁང་ཚུ་ བཟོ་སྐྲུན་འབད་ནི་ཨིན་པས།

ཡན་ལག་སྨན་ཁང་ཚུ་ གཞི་བཙུགས་འབད་ནི་དེ་ གསོ་བའི་གོང་འཕེལ་ལས་རིམ་གྱི་ ཆ་ཤས་ཅིག་ཨིནམ་ད་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གིས་ དངུལ་ཀྲམ་དུང་ཕྱུར་༡.༤ རྒྱབ་སྐྱོར་འབད་ཡོདཔ་བཞིན་དུ་ ལས་འགུལ་གྱི་དོན་ལུ་ དངུལ་ཀྲམ་ས་ཡ་༤༢༠ དང་ སྲིད་བྱུས་ཐོག་ལུ་ དངུལ་ཀྲམ་ས་ཡ་༩༨༠ ཡོདཔ་ཨིན་པས།

ལས་འགུལ་དེ་ ལོ་༥ འི་འཆར་གཞི་༡༢ པའི་ དམིགས་གཏད་གྲུབ་འབྲས་ཅིག་ཨིན་པས།

མོ་བཏབ་ལས་འགུལ་སྦེ་ ཡན་ལག་སྨན་ཁང་ཚུ་ ཐིམ་ཕུག་དང་ ཕུན་ཚོགས་གླིང་ལུ་ གཞི་བཙུགས་འབད་ནི་ཨིནམ་ད་ ཐིམ་ཕུག་ལུ་འབད་བ་ཅིན་ སྦས་སྦིས་ནང་དང་ མུ་ཏིག་ཐང་ བར་སྦིས་ས་ དེ་ལས་ སྡེཔ་སི་ས་ཁོངས་ཚུ་ནང་ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པས།

ཁ་ཙ་ སྦས་སྦིས་ནང་ལུ་སྦེ་ ཡན་ལག་སྨན་ཁང་ བཟོ་སྐྲུན་འབད་ནིའི་དོན་ལུ་ ས་བསླང་རྟེན་འབྲེལ་ བརྩི་སྲུང་འབད་ཡི།

གསོ་བ་བློན་པོ་བདེ་ཆེན་དབང་མོ་གིས་ སླབ་མིའི་ནང་ ཡན་ལག་སྨན་ཁང་ཆུང་བ་ བཟོ་སྐྲུན་འབད་ནིའི་ དམིགས་ཡུལ་གཙོ་བོ་ར་ གསོ་བའི་ཞབས་ཏོག་ཚུ་ སྤུས་ཚད་ཅན་དང་ དོན་སྨིན་ཅན་ དེ་ལས་ ཡུན་བརྟན་གནས་ཐབས་ལུ་ཨིནམ་ད་ འབྲུག་གི་གསོ་བའི་ལམ་ལུགས་ནང་ འཕྲོད་བསྟེན་བདག་འཛིན་ཞབས་ཏོག་གུ་ ལྷན་ཐབས་འབད་ཚུགསཔ་ཨིན་ཟེར་ཨིན་པས།

ད་རེས་ བཟོ་སྐྲུན་འབད་ནི་ཨིན་མི་ ལས་འགུལ་དེ་ལུ་ ཟད་འགྲོ་དངུལ་ཀྲམ་དུང་ཕྱུར་༢.༩ གནས་ནིའི་ ཚོད་དཔག་ཡོདཔ་ད་ སྨན་ཁང་དེ་གིས་ ས་ཁོངས་དེ་ནང་སྡོད་མི་ཚུ་གི་ འཕྲོད་བསྟེན་ཞབས་ཏོག་བྱིན་ནི་དང་ ནད་བརྟག་དཔྱད་འབད་ནི་ དེ་ལས་ འཕྲོད་བསྟེན་དང་འབྲེལ་བའི་ བརྡ་དོན་ཚུ་སྤྲོད་ནི་ཨིན་པས།

ཡན་ལག་སྨན་ཁང་༥ ནང་ ཌོག་ཊར་རེ་ཡོདཔ་ད་ གློག་པར་བཏབ་མི་འཕྲུལ་ཆས་དང་ ཁྲག་བརྟག་དཔྱད་ཁང་ དེ་ལས་ གསོ་བའི་ཞབས་ཏོག་ཚུ་ བྱིན་ཚུགས་ཟེར་ བློན་པོ་བདེ་ཆེན་དབང་མོ་གིས་ བཤད་ཡོདཔ་མ་ཚད་ འབུ་ནི་མེད་པའི་ནད་གཞི་ དཔྱེ་འབད་བ་ཅིན་ གུ་རམ་ནད་གཞི་ཐོབ་མི་ཚུ་གི་དོན་ལུ་ ཌོག་ཊར་ཅིག་གིས་ ཞབས་ཏོག་སྤྲོད་ཚུགས་ཟེར་ཨིན་པས།

འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ནདཔ་མ་ཤོང་པའི་དཀའ་ངལ་དེ་ ཡན་ལག་སྨན་ཁང་ཚུ་ལུ་བརྟེན་ མར་ཕབ་འབད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།

སྡེཔ་སི་ས་ཁོངས་ནང་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ ཡན་ལག་སྨན་ཁང་དེ་ སྒེར་སྡེའི་ཁག་འབགཔ་ཅིག་ལུ་ སྤྲོད་འབད་ཡོདཔ་ད་ དེ་ཡང་ དུས་ཡུན་ཟླཝ་༡༨ ཀྱི་དོན་ལུ་ཨིནམ་བཞིན་དུ་ ཡན་ལག་སྨན་ཁང་གཞན་གྱི་དོན་ལུ་ རིན་བསྡུར་ཚུ་ འཕྲལ་ར་འགོ་འདྲེན་འཐབ་ནི་ཨིན་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།

གལ་སྲིད་ ཐིམ་ཕུག་ལུ་ བཟོ་སྐྲུན་འབད་ནི་ཨིན་མི་ ཡན་ལག་སྨན་ཁང་གི་གྲུབ་འབྲས་ ལེགས་ཐོན་དང་བསྟུན་ བསམ་གྲུབ་ལྗོངས་མཁར་དང་ དགེ་ལེགས་ཕུག་ཁྲོམ་སྡེ་༢ ནང་ གཞི་བཙུགས་འབད་ཚུགས་ཟེར་ གསོ་བ་བློན་པོ་ བདེ་ཆེན་དབང་མོ་གིས་ བཤད་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *