གསོ་བ་དང་འབྲེལ་བའི་ ཁས་བླངས་གཙོ་ཅན་ བརྒྱ་ཆ་༧༠ དེ་ཅིག་བསྒྲུབས་ཡོདཔ།

༉ རྒྱལ་ཁབ་ནང་ ནད་ཡམས་ལུ་བརྟེན་ དཀའ་ངལ་ལེ་ཤ་བྱུང་ཡོདཔ་ཨིན་རུང་ འབྲུག་མཉམ་རུབ་ཚོགས་པ་གིས་ གསོ་བ་དང་འབྲེལ་བའི་ ཁས་བླངས་གཙོ་ཅན་ཚུ་ བརྒྱ་༦༥-༧༠ འི་བར་ན་ བསྒྲུབས་ཡོདཔ་སྦེ་ སླབ་ཨིན་པས།

དེ་ཡང་ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་ནང་ དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཟུར་བཞག་ནང་ལས་ ཡོངས་འབྲེལ་ཐོག་ ལན་གསལ་ཞུ་མི་ གསོ་བའི་བློན་པོ་ བདེ་ཆེན་དབང་མོ་གིས་ ཚོགས་དམངས་ལུ་ གསལ་ཞུ་འབད་ཡི།

དེ་གི་སྐབས་ལུ་ ཇོ་མོ་གཙང་ཁ་- མར་ཚ་ལའི་འཐུས་མི་ ནོར་བུ་དབང་འཛོམས་ཀྱིས་ འབྲུག་མཉམ་རུབ་ཚོགས་པའི་ཁ་ཐུག་ལས་ སྲིད་ཚོགས་ཀྱི་ ཁས་བླངས་དང་འཁྲིལ་ གསོ་བའི་གཞི་རྟེན་གཞི་བཙུགས་དང་ མཁས་མཆོག་དང་ མི་སྟོབས་གོང་འཕེལ་གཏང་ནིའི་ལཱ་ ག་ཅི་ར་ འབད་ཡོདཔ་ཨིན་ན་ གསལ་ཞུ་ཕུལ་དགོ་པའི་ དྲི་བ་ཞུ་ཡི།

མོ་གིས་ཞུ་མིའི་ནང་ དཔྱེ་འབད་བ་ཅིན་ བདེ་བ་ཐང་ སྨན་ཁང་ནང་ མོ་ནད་མཁས་མཆོག་ཅིག་ ངེས་པར་དུ་ དགོཔ་ཡོདཔ་ཨིན་རུང་ ད་ལྟོ་བར་ན་ཡང་མེདཔ་མ་ཚད་ གཞུང་སྐྱོང་གི་གནས་ཡུན་ ཕྱེད་ཀ་རྫོགས་ཡོདཔ་ལས་ གསོ་བ་དང་འབྲེལ་བའི་ ཕྱག་ལཱ་ག་ཅི་ར་ གནང་ཡོདཔ་ཨིན་ན་ གསལ་ཞུ་ཕུལ་དགོཔ་སྦེ་ཞུ་ཡི།

གསོ་བའི་བློན་པོ་གིས་ ལན་ཞུ་མིའི་ནང་ ཐིམ་ཕུག་ལུ་ ཞབས་ཏོག་སྣ་ཚོགས་སྤྲོད་ནིའི་ སྨན་ཁང་ཅིག་ གཞི་བཙུགས་འབད་ནི་ཨིན་མི་ ཁས་བླངས་དང་འཁྲིལ་ སྨན་ཁང་གི་ས་ཁོངས་དེ་ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ས་ཁོངས་ནང་ ངོས་འཛིན་འབད་ཡོདཔ་ད་ དེ་གི་དོན་ལུ་ མ་དངུལ་ས་ཡ་༥,༦༠༠ བཞག་སྟེ་ཡོད་ཟེར་ཨིན་པས།

སྨན་ཁང་དེ་ རྐྱབ་ཚར་བའི་བསྒང་ལས་ ད་ལྟོ་བཟུམ་སྦེ་ ཀེན་སར་དང་ གཟུགས་ཀྱི་ནང་ནའི་ ཡན་ལག་ཚུ་ ཚབ་བཙུགས་ནིའི་དོན་ལུ་ ཕྱི་རྒྱལ་ལུ་ འགྱོ་མི་དགོ་ཟེར་ཨིན་པས།

དེ་བཟུམ་སྦེ་ ནད་འབུབ་ཀྱི་གནོད་ཉེན་བཀག་འཛིན་ལྟེ་བ་ གཞི་བཙུགས་འབད་ནིའི་དོན་ལུ་ འཆར་དངུལ་ དངུལ་ཀྲམ་ས་ཡ་༡༠,༧༠༠ དང་ མིག་ཏོ་དང་ ལྷ་པ་ དེ་ལས་ ཨོལ་ལྐོག་གི་ སྨན་ཁང་གསརཔ་རྐྱབ་ནིའི་དོན་ལུ་ཡང་ དངུལ་ཀྲམ་ས་ཡ་༦༨༡ བཞག་སྟེ་ཡོདཔ་ད་ བཟོ་སྐྲུན་གྱི་ས་ཁོངས་ཚུ་ཡང་ ངོས་འཛིན་འབད་དེ་ ཡོད་ཟེར་ཨིན་པས།

དེ་བཟུམ་སྦེ་ མོང་སྒར་ལུ་ ཨམ་སྲུ་དང་ ཨ་ལོའི་སྨན་ཁང་ཅིག་ གསརཔ་རྐྱབ་ནི་ཨིན་མི་དང་འཁྲིལ་ ས་བསླང་རྟེན་འབྲེལ་ཡང་ བརྩི་ཡོདཔ་ད་ དེ་གི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༦༨༡ བཞག་སྟེ་ཡོད་ཟེར་ཨིན་པས།

བསྡོམས་ཀྱིས་ འཆར་དངུལ་ དངུལ་ཀྲམ་ས་ཡ་༨,༧༠༠ དེ་ཅིག་འབད་མི་དེ་ ད་ལྟོ་ཚུན་ཚོན་ གསོ་བའི་ལས་སྡེ་ནང་ འཆར་དངུལ་མཐོ་ཤོས་ཅིག་ ཨིན་ཟེར་ཨིན་པས།

གཞུང་གིས་ མི་སེར་ཚུ་ལུ་ དམིགས་བསལ་གྱི་ ཞབས་ཏོག་ཚུ་ཡང་ སྤྲོད་ནི་སྦེ་ ཁས་བླངས་འབད་ཡོདཔ་བཞིན་དུ་ ལས་རིམ་དེ་གི་འོག་ལུ་ ད་ལྟོ་ཚུན་ སློབ་ཕྲུག་ཨ་ལོ་བརྒྱ་ཆ་༩༥.༢ གིས་ མིག་ཏོ་དབྱེ་ཞིབ་འབད་དེ་ མིག་ཤེལ་ཚུ་ བྱིན་ཡོདཔ་ད་ བསྡོམས་ཀྱིས་མིག་ཤེལ་༡༥,༠༠༠ དེ་ཅིག་ སྤྲོད་ཡོདཔ་ད་ རྒན་ཤོས་ཚུ་ལུ་ཡང་ མིག་ཤེལ་༣༠༠,༠༠༠ དེ་ཅིག་ བགོ་བཀྲམ་འབད་དེ་ ཡོད་ཟེར་ཨིན་པས།

གསོ་བའི་བློན་པོ་གིས་ གསལ་ཞུ་འབད་མིའི་ནང་ གཞུང་གིས་ ཁས་བླངས་༣ པ་ ཐབས་བྱུས་ཅན་གྱི་ སྨན་ཁང་བཟོ་ནི་དེ་ཨིནམ་བཞིན་དུ་ ད་ལྟོ་ཚུན་ སྨན་ཁང་༡༢ ནང་ ཨལ་ཊ་ས་འུནཌ་དང་ གློག་པར་གྱི་ཞབས་ཏོག་ཚུ་ གཞི་བཙུགས་འབད་ཡོདཔ་ད་ མོང་སྒར་ལུང་ཕྱོགས་སྨན་ཁང་བརྩིས་ཏེ་ སྨན་ཁང་༨ ནང་ ཨེན་ཌོསི་ཀོ་པི་གི་ ཞབས་ཏོག་ཚུ་ཡང་ གཞི་བཙུགས་འབད་དེ་ ཡོད་ཟེར་ཨིན་པས།

ཨིན་རུང་ མཁས་མཆོག་ཅན་གྱི་ མི་སྟོབས་བཟོ་ནི་དེ་ དཀའ་ངལ་ཅན་ཅིག་ཨིནམ་ལས་ ད་ལྟོ་ར་ འབད་ཐབས་མིན་འདུག་ཟེར་ཞུ་ཡི།

པདྨ་དགའ་ཚལ་སྨན་ཁང་ནང་ མོ་ནད་མཁས་མཆོག་ གཏང་ཐབས་མེདཔ།

ན་ནོང་ཤུ་མར་གྱི་འཐུས་མི་ ལུང་བསྟན་རྣམ་རྒྱལ་གྱིས་ པདྨ་དགའ་ཚལ་ལུ་ མོ་ནད་མཁས་མཆོག་ཅིག་ དགོཔ་ཡོདཔ་བཞིན་དུ་ ནམ་འཐོབ་ཚུགས་ག་ཟེར་བའི་ དྲི་བ་ཞུ་ཡི།

དེ་གི་སྐབས་ལུ་ གསོ་བ་བློན་པོ་ བདེ་ཆེན་དབང་མོ་གིས་ མ་གཞི་ མོ་ནད་མཁས་མཆོག་ ཁག་ཆེ་དྲགས་ཡོད་རུང་ མཁས་མཆོག་ལངམ་སྦེ་ མེད་མི་ལུ་བརྟེན་ ད་ལྟོ་ སྤྲོད་ཐབས་མིན་འདུག་ཟེར་ཞུ་ཡི།

རྒྱལ་ཁབ་ནང་ མོ་ནད་མཁས་མཆོག་༡༣ ལས་བརྒལ་མེདཔ་ད་ དགོས་མཁོ་དེ་༢༥ ཨིན་ཟེར་ གསོ་བའི་བློན་པོ་གིས་ཞུ་ཡི།

བློན་པོ་གིས་འབད་བ་ཅིན་ བང་ལ་དེཤི་ལས་ ཌོག་ཊར་༡༩ དེ་ཅིག་ རྒྱལ་ཁབ་ནང་ཁྱིད་འོང་སྟེ་ བགོ་བཀྲམ་འབད་ཡོདཔ་མ་ཚད་ ད་རུང་ དང་འདོད་ཡོད་མི་འཐོན་པ་ཅིན་ གོ་སྐབས་ཡོད་པའི་ གསལ་བསྒྲགས་འབད་དེ་ ཡོད་ཟེར་ཨིན་པས།

གཞུང་གིས་ སྨན་ཁང་རེ་ནང་ མཁས་མཆོག་༤ རེ་ བཙུག་ཚུགསཔ་བཟོ་ནི་ལུ་ རྩ་འགེངས་དོ་ཡོད་མི་དང་འཁྲིལ་ ད་རེས་ རྒྱལ་ཁབ་ནང་ སྨན་བཅོས་ཀྱི་ རྒྱབ་རྟེན་ཤེས་ཡོན་ཡོན་མི་ ཕུད་རྡོག་གཅིག་ར་ ལཱ་གཡོག་མེད་པར་ ལུས་ཏེ་མེད་པའི་ཁར་ དགོངས་ཞུ་སོང་མི་ཚུ་ཡང་ ལོག་སྟེ་ ཁག་འབག་ཐོག་ལུ་ ལེན་ཏེ་ཡོད་ཟེར་ཨིན་པས།

དེ་མ་ཚད་ མཁས་མཆོག་གི་མི་སྟོབས་ ཡར་སེང་གཏང་ནིའི་དོན་ལུ་ ཌོག་ཊར་ཚུ་གིས་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེའི་ནང་ ཨ་ལོ་དང་ སྨན་བཅོས་ གཤག་བཅོས་ དེ་ལས་ མོ་ནད་མཁས་མཆོག་སྦྱང་ནིའི་ གོ་སྐབས་བཟོ་སྟེ་ཡོདཔ་མ་ཚད་ ཌོག་ཊར་ལ་ལོ་ཅིག་ ཕྱིའི་རྒྱལ་ཁབ་ཚུ་ནང་ ཤེས་ཡོན་སྦྱང་པར་ བཏང་སྟེ་ཡོད་ཟེར་ཞུ་ཡི།

འོད་གསལ་རྩེའི་ གཞི་རྟེན་སྨན་ཁང་སྡེ་རིམ་༢ པ་ ཡར་སེང་འབད་ནིའི་ གོ་སྐབས་མེདཔ།

ཨོ་རྒྱན་རྩེ་- འོད་གསལ་རྩེའི་འཐུས་མི་ དི་ནེཤི་ཀུ་མར་ པར་དཱན་གྱིས་ འོད་གསལ་རྩེའི་ གཞི་རྟེན་སྨན་ཁང་སྡེ་རིམ་༢ པ་དེ་ སྡེ་རིམ་དང་པ་ལུ་ ཡར་སེང་འབད་ནིའི་ འོས་འབབ་ཡོད་ག་ཟེར་ དྲི་བའི་ལན་ལུ་ གསོ་བའི་བློན་པོ་གིས་ བསམ་རྩེ་དང་ བཀྲིས་ཆོས་གླིང་གི་སྨན་ཁང་༢ ཆ་ར་ འོད་རྩེ་ལས་ ཐག་ཉེ་ས་འབད་ནི་དེ་གིས་ དཀའ་ངལ་འབྱུང་དགོཔ་མེད་ཟེར་ཨིན་པས།

བློན་པོ་གིས་འབད་བ་ཅིན་ བཀྲིས་ཆོས་གླིང་སྨན་ཁང་ནང་ འོད་གསལ་རྩེ་ལས་ ཀི་ལོ་མི་ཊར་༢༤ དང་ བསམ་རྩེ་སྨན་ཁང་ནང་འབད་བ་ཅིན་ ཀི་ལོ་མི་ཊར་༢༥ ལས་བརྒལ་མེདཔ་ལས་ ཞབས་ཏོག་ཚུ་ སྟབས་བདེ་ཏོག་ཏོ་སྦེ་ ཐོབ་ཚུགས་ཟེར་ཞུ་ཡི།

གསོ་བའི་བློན་པོ་གིས་ ཞུ་མིའི་ནང་ བཀྲིས་ཆོས་གླིང་སྨན་ཁང་དེ་ ལོག་རྐྱབ་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༦༨༡ བཞག་སྟེ་ཡོདཔ་ད་ བསམ་རྩེ་སྨན་ཁང་དེ་ཡང་ ཡར་སེང་འབད་ནིའི་ འཆར་གཞི་ཡོད་ཟེར་ཞུ་ཡི།

བཀྲིས་ཆོས་གླིང་སྨན་ཁང་ནང་ སྤྱི་ལོ་༢༠༡༩ ལས་འགོ་བཙུགས་ གསོ་བའི་བརྡ་དོན་ལྟེ་བའི་ ཞབས་ཏོག་དེ་ཡང་ འགོ་བཙུགས་ཡོདཔ་ད་ བསམ་རྩེ་སྨན་ཁང་ནང་ ཧེ་མ་ལས་ མཁས་མཆོག་༤ ཡོད་པའི་གུ་ དུས་ཅི་ལས་ མཁལ་རྡོག་སྨན་བཅོས་ཀྱི་དོན་ལུ་ ཌའི་ལི་སིས་དང་ ཨེན་ཌོསི་ཀོ་པི་གི་ ཞབས་ཏོག་ཚུ་ཡང་ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོད་ཟེར་ཞུ་ཡི།

དེ་ལུ་ ཨོ་རྒྱན་རྩེ་- འོད་གསལ་རྩེའི་ འཐུས་མི་གིས་འབད་རུང་ གཞུང་གིས་ འཆར་གཞི་དང་འཁྲིལ་ མི་སེར་ཚུ་ལུ་ གསོ་བའི་ཞབས་ཏོག་ཚུ་ འཇམ་ཏོང་ཏོ་སྦེ་ འཐོབ་ཚུགསཔ་བཟོ་གནང་པ་ཅིན་ མ་བཏུབ་མེདཔ་སྦེ་ ཞུ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *