ཆུ་རུད་བཀག་ཐབས་ཀྱི་དོན་ལུ་ རྩིགཔ་རྐྱབ་ནིའི་ལཱ་ འབད་བའི་བསྒང་།

གསེར་རྐང་རོང་ཆུ་བདའ་སྟེ་ ཆུ་རུད་བཀག་ཐབས་ཀྱི་ རྩིགཔ་རྐྱབ་ནིའི་ལཱ་ འགོ་བཙུགས་ཡོདཔ།

༉ བཀྲིས་གཡང་རྩེ་ མཆོད་རྟེན་སྐོར་རའི་ ཁྲོམ་སྡེ་དང་ ཉེ་འདབས་ལུ་སྡོད་མི་ཚུ་ ད་ལས་ཕར་ ཧེ་མ་བཟུམ་སྦེ་ ཉིན་ནུབ་མེད་པར་ ཆུ་རུད་ཐོན་པའི་ འཇིགས་སྣང་དང་ འདྲོག་བྱེལ་ཐོག་ལས་ སྡོད་མི་དགོ་ནི་ཨིན་པས།
དེ་ཡང་ བཀྲིས་གཡང་རྩེ་ ཁྲོམ་སྡེ་གིས་ མཆོད་རྟེན་སྐོར་ར་ཁྲོམ་གྱི་ སྦུག་ལུ་ཡོདཔའི་ གསེར་རྐང་རོང་ཆུ་བདའ་སྟེ་ ཆུ་རུད་ལས་བཀག་ཐབས་ལུ་ རྩིགཔ་རྐྱབ་ནིའི་ལཱ་ཚུ་ འགོ་བཙུགས་མི་ལུ་བརྟེན་ཨིན་པས།
མཆོད་རྟེན་སྐོར་ར་ཁྲོམ་ནང་ སྡོད་མི་ཚུ་གིས་ གནམ་བྱཱར་གྱི་དུས་ཚོད་ རོང་ཆུ་སྦོམ་ཐལ་ཏེ་ ཆུ་རུད་འཐོན་ནིའི་ ཉེན་ཁ་ཡོད་པའི་སྐོར་ལས་ ཚ་གྱང་ཡོད་ལུགས་ཚུ་ བཤད་ཡོདཔ་བཞིན་དུ་ ན་ཧིང་ རྫོང་ཁག་ཚོགས་འདུ་གིས་ གསེར་རྐང་རོང་ཆུ་བདའ་སྟེ་ རྩིག་རྐྱབ་དགོ་པའི་ གྲོས་ཆོད་བྱུང་ཡོདཔ་ཨིན་པས།
ཁྲོམ་སྡེ་བཟོ་རིག་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ མི་ཊར་༤༧༥ འབད་མི་ རྩིག་རྐྱབ་ནིའི་ ལཱ་དེ་ཡང་ ན་ཧིང་ སྤྱི་ཟླ་༡༡ པ་ལས བཟོ་སྐྲུན་འབད་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ ད་རེས་ བརྒྱ་ཆ་༤༠ དེ་ཅིག་ མཇུག་བསྡུ་སྟེ་འདུག།
ཁྲོམ་སྡེ་བཟོ་རིག་འགོ་དཔོན་ བཀྲིས་རབ་བརྟན་གྱིས་འབད་བ་ཅིན་ ཆུ་རུད་བཀག་ཐབས་ཀྱི་ རྩིག་གྱང་དེ་ཡང་ གྲུ་བཞི་སྦེ་མེན་པར་ མ་འོངས་པར་ རྩིགཔ་གི་ཐོག་ཁར་ མི་འགྱོ་སའི་ རྐང་ལམ་བཟོ་ནིའི་དོན་ལུ་ ཊའི་པི་ཟོཊི་གི་རྩིགཔ་ རྐྱབ་ནི་ཨིན་ཟེར་ཨིནམ་ད་ རྫོང་ཁག་བདག་སྐྱོང་གིས་ ཞུ་བ་འབད་མི་དང་འཁྲིལ་ཏེ་ ཟད་འགྲོ་ཉུང་ཤོས་ འཇོན་ཐངས་ཅན་གྱི་ རྩིགཔ་ གི་བཟོ་བཀོད་ བཟོ་ཡི་ཟེར་ཨིན་པས།
གསེར་རྐང་རོང་ཆུ་དེ་ ཆརཔ་མ་རྐྱབ་སྟེ་འབད་རུང་ རྣམ་རྟོག་ལང་སི་སི་སྦེ་ སྦོམ་འགྱོ་ཡོད་པའི་ ལོ་རྒྱུས་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༦ གི་ཟླཝ་༦ པའི་ནང་ རོང་ཆུ་བྲེས་འོང་མི་ལུ་བརྟེན་ ས་གནས་ཀྱི་མི་ཚུ་ བཀྲིས་གཡང་རྩེ་ རྫོང་རྙིངམ་གི་ ས་ཁོངས་ནང་ བྲོས་ཟུར་འབད་དགོཔ་བྱུང་ནུག།
ས་གནས་ཀྱི་ མི་སེར་ཚུ་གིས་ སླབ་མིའི་ནང་ འདས་པའི་ལོ་ཚུ་ནང་ རོང་ཆུ་དེ་ ཚར་ལེ་ཤ་ཅིག་ར་ སྦོམ་འགྱོ་ཡི་ཟེར་ཨིན་པའི་ཁར་ འཕྲལ་འཕྲལ་སྐབས་ ཉིནམ་ཤར་སྡོད་པའི་བར་ན་ཡང་ རོང་ཆུ་སྦོམ་འགྱོ་ནི་ཡོདཔ་ལས་ ཉིན་ནུབ་མེད་པར་ ཚ་གྱང་ལང་དགོཔ་ བྱུངམ་མས་ཟེར་ཨིན་པས།
སྤྱི་མི་བགྲེསཔ་ ཉི་མ་དབང་ཕྱུག་གིས་ སླབ་མིའི་ནང་ དམིགས་བསལ་དུ་ རོང་ཆུ་དེ་ཡང་ མང་ཤོས་ར་ དུས་བཟང་གི་ཉིནམ་ ཚེ་༡༥ དང་ གནམ་གང་ཚུ་ནང་ སྦོམ་འགྱོ་ནི་ཡོད་ཟེར་ཨིན་པས།
རོང་ཆུའི་རྐ་དེ་ཡང་ སྦས་གླིང་གི་ སློབ་གྲྭ་ལྟེ་བ་ལྟག་ལུ་ཡོད་པའི་ སྟོང་བྲག་ལས་ ཐོན་ཡོདཔ་ད་ སྟོང་བྲག་ནང་ དགེ་སློང་སྟོང་ཕྲག་༡ སྒོམ་རྐྱབ་ཡོད་པའི་ ཡིད་ཆེས་ཡོདཔ་བཞིན་དུ་ གསེར་རྐང་ཆུ་ཡང་ དུས་བཟང་སྐབས་ དགེ་སློང་ཚུ་གིས་ རིམ་གྲོ་ཚུ་ འབད་བའི་སྐབས་ ཆུའི་ཚད་གཞི་དེ་ སྦོམ་འགྱོ་བའི་ སླབ་སྲོལ་ཅིག་ཡང་འདུག་ཟེར་ ཉི་མ་དབང་ཕྱུག་གིས་ བཤད་ཅི།
ཁྲོམ་སྡེ་ངོ་ཚབ་ ཨོ་རྒྱན་ལྷ་མོ་གིས་ སླབ་མིའི་ནང་ མི་སེར་ཚུ་གི་ ཉེན་སྲུང་ལུ་ གཙོ་རིམ་བཟུང་ཐོག་ལས་ རོང་ཆུ་གུ་ རྩིགཔ་རྐྱབ་ནི་སྦེ་ ཐག་བཅད་ཅི་ཟེར་ཨིན་པས།
ས་གནས་ནང་སྡོད་མི་ རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གནམ་བྱཱར་གྱི་དུས་ཚོད་ལུ་ རོང་ཆུ་བྲེས་འོང་པའི་ ཚ་གྱང་ལུ་བརྟེན་ དུས་ཨ་རྟག་ར་ གྲ་སྒྲིག་སྦེ་ སྡོད་དགོཔ་བྱུངམ་མས་ཟེར་་ཨིན་པས།
གྱང་རྩིག་རྐྱབ་ནིའི་ ལཱ་དེ་ཡང་ དབྱེ་ཁག་༢ སྦེ་ བཟོ་ཐོག་ལས་ འགོ་བཙུགས་ཡོདཔ་ད་ དབྱེ་ཁག་དང་པའི་ནང་ རྩིགཔ་མི་ཊར་༤༥༧ ལས་ མི་ཊར་༣༠༠ ཚུད་དེ་ཡོད་མི་ཡང་ སྤྱི་ཟླ་༥ པའི་ མཇུག་བསྡུ་ནི་ཨིནམ་བཞིན་དུ་ དབྱེ་ཁག་༢ པ་དེ་ རྩིས་ལོ་༢༠༡༧-༡༨ ནང་འཁོད་ལུ་ མཇུག་བསྡུ་ནིའི་ འཆར་གཞི་ཡོད་ཟེར་ བཟོ་རིག་འགོ་དཔོན་ བཀྲིས་རབ་བརྟན་གྱིས་ སླབ་ཨིན་པའི་གནས་ཚུལ།

བཀྲིས་གཡང་རྩེ་ལས་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *