གསེར་ཀེ་ཇི་༡༡.༠༤༥ ནག་ཚོང་འཐབ་མིའི་ནང་ དོགས་པ་ཅན་༥ འཛིན་བཟུང་།

སྐལ་བཟང་དབང་ཕྱུག།

ཁྲིམས་སྲུང་འགག་པ་གིས་ གསེར་ཀེ་ཇི་༡༡.༠༤༥ ནག་ཚོང་ཐོག་ལས་ འབག་འོང་མིའི་ནང་ འབྲེལ་གནད་ཡོད་མི་ དོགས་པ་ཅན་༥ འཛིན་བཟུང་འབད་ཡོད་མི་ཚུ་ ད་ལྟོ་ སྤ་རོ་ཁྲིམས་སྲུང་འགག་སྡེའི་ དོ་དམ་འོག་ལུ་ བཞག་ཡོདཔ་ཨིན་པས།

དེ་ཡང་ དོགས་ཅན་༥ ལས་ སྐྱེས་ལོ་༣༦ དང་༣༡ ལང་མི་ ཕོ་སྐྱེས་༢ སྤྱི་ཟླ་༨ པའི་ཚེས་༢༧ ལུ་ བེང་ཀོག་ལས་ སྤ་རོ་རྒྱལ་སྤྱི་གནམ་ཐང་ལྷོདཔ་ད་ འཛིན་བཟུང་འབད་ཡོདཔ་ད་ ཉིན་གྲངས་༡༠ གྱི་ཤུལ་ལས་ སྐྱེས་ལོ་༣༨ དང་༣༢ དེ་ལས་ སྐྱེས་ལོ་༣༡ ལང་མི་ དོགས་ཅན་༣ སྤྱི་ཟླ་༩ པའི་ཚེས་༦ དང་༧ ལུ་ ཐིམ་ཕུག་དང་ སྤ་རོ་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།

ཁྲིམས་སྲུང་འགག་སྡེའི་ ཞིབ་དཔྱད་སྡེ་ཚན་གྱི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གསེར་འབག་འོང་མི་ དོགས་པ་ཅན་༢ པོ་དེ་ གསང་བའི་སྙན་ཞུ་ཐོབ་མི་དང་འཁྲིལ་ གནམ་ཐང་གི་ ཅ་དམ་འགོ་དཔོན་ཚུ་ལས་ རྒྱབ་སྐྱོར་ལེན་ཏེ་ འཛིན་བཟུང་འབད་ཡི་ཟེར་ཨིན་པས།

འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཞིབ་དཔྱད་འབད་བའི་སྐབས་ དོགས་ཅན་༡ ལས་ གསེར་ཀེ་ཇི་༦.༨༩ དང་ ཕོ་སྐྱེས་གཞན་ལས་ གསེར་ཀེ་ཇི་༤.༡༥༥ འབདཝ་ད་ གསེར་ཀེ་ཇི་བསྡོམས་༡༡.༠༤༥ འཕྱོག་བཟུང་འབད་ཡོདཔ་བཞིན་དུ་ ཉེན་སྲུང་གི་དོན་ལུ་ གསེར་ཚུ་ རྒྱལ་གཞུང་དངུལ་ལས་དབང་འཛིན་ལུ་ རྩིས་སྤྲོད་འབད་ཡི་ཟེར་ཨིན་པས།

འགོ་དཔོན་ཚུ་གིས་འབད་བ་ཅིན་ དོགས་ཅན་༢ ལུ་ དྲི་དཔྱད་འབད་བའི་སྐབས་ གསེར་ནག་ཚོང་ནང་ འབྲེལ་གཏོགས་ཡོད་པའི་ དོགས་པ་ཅན་གཞན་༣ ཡོདཔ་སྦེ་ སླབ་མི་དང་འཁྲིལ་ འཛིན་བཟུང་འབད་ཡི་ཟེར་ཨིན་པས།

ལས་འཛིན་ཅིག་ནང་ ལཱ་འབད་མི་ དོགས་ཅན་དེ་གིས་ གསེར་སྐྱེལ་འདྲེན་འབད་ཡོདཔ་མ་གཏོགས་ བགོ་བཤའ་ག་ནི་ཡང་ མེད་པའི་ཁར་ གནམ་གྲུའི་འཕྲུལ་ལསཔ་དེ་ལུ་ཡང་ བགོ་བཤའ་ག་ནི་ཡང་མེད་རུང་ ཁོ་གིས་ དོགས་ཅན་༢ ལུ་ ཌོ་ལར་ཚད་ལས་བརྒལ་ ཕྱི་ཁར་འབག་ནི་ལུ་ རྒྱབ་སྐྱོར་འབད་ནུག་ཟེར་ ཁྲིམས་སྲུང་འགག་པ་གིས་ བཤདཔ་ཨིན་པས།

འཛིན་བཟུང་འབད་མི་ དོགས་ཅན་༥ ལས་༣ ཚོང་པ་དང་ ལས་འཛིན་ནང་ ལཱ་འབད་མི་༡ དེ་ལས་༡ གནམ་གྲུའི་འཕྲུལ་ལསཔ་ཨིན་པས།

འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སྤྱི་ཟླ་༩ པའི་ཚེས་༧ ལུ་ འཛིན་བཟུང་འབད་མི་ དོགས་ཅན་༢ ཀྱིས་ གསེར་ཉོ་ནིའི་དོན་ལུ་ ཏི་རུ་བསྐྱལ་བཏང་ནུག་ཟེར་ཨིནམ་ད་ བེང་ཀོག་གི་ གོང་ཚད་དང་འཁྲིལ་ རྩིས་རྐྱབ་ད་ གསེར་ཀེ་ཇི་༡༡.༠༤༥ ལུ་ དངུལ་ཀྲམ་ས་ཡ་༣༠ ལྷགཔ་ཅིག་ གནས་ནུག་ཟེར་ བཤདཔ་ཨིན་པས།

དོགས་ཅན་༢ པོ་དེ་ སྤ་རོ་གནམ་ཐང་གི་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་དེ་ སྤ་རོའི་ཁྲིམས་སྲུང་འགག་སྡེའི་ ཡིག་ཚང་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།

གནད་དོན་དེ་ ད་ལྟོ་ ཁྲིམས་སྲུང་ཞིབ་དཔྱད་སྡེ་ཚན་གྱིས་ ཞིབ་དཔྱད་འབད་བའི་བསྒང་ ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *