༉ གསར་སྤང་ལུ་ འདེམས་ཁོངས་གཉིས་ཆ་ར་ལས་ འབྲུག་མཉམ་རུབ་ཚོགས་པ་གིས་ རྒྱལ་ཁ་ཐོབ་མི་ལུ་ ཡ་མཚན་ཆེ་དགོཔ་ཅིག་ མེདཔ་ཨིན་པས།
དེ་ཡང་ དགེ་ལེགས་ཕུག་འདེམས་ཁོངས་ནང་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ ཀརྨ་ཌི་དབང་འདུས་ཀྱིས་ འཕྲུལ་ཆས་དང་ འགྲེམ་ཐོག་གཉིས་ཆ་ར་ལས་ ཚོགས་རྒྱན་ཡོངས་བསྡོམས་༦,༦༩༡ ཐོབ་སྟེ་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ པདྨ་བཀྲ་ཤིས་ལས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
ཕུན་སུམ་ཚོགས་པའི་འདེམས་ངོ་གིས་ འཕྲུལ་ཆས་ཐོག་གི་ ཚོགས་རྒྱན་༣,༣༦༨དང་ འགྲེམ་ཐོག་ཚོགས་རྒྱན་༢,༠༦༥ འབདཝ་ད་ ཚོགས་རྒྱན་བསྡོམས་༥,༤༣༣ ཐོབ་ནུག། ཀརྨ་ཌི་གནོན་དབང་འདུས་ཀྱིས་ འཕྲུལ་ཆས་ཐོག་གི་ ཚོགས་རྒྱན་༤,༢༧༤དང་ འགྲེམ་ཐོག་ཚོགས་རྒྱན་༢,༤༡༧ཐོབ་ནུག།
ཀརྨ་ཌི་དབང་འདུས་དེ་ ད་རིས་བརྩིསཝ་ད་ སྤྱི་ཚོགས་ཀྱི་ འཐུས་མི་སྦེ་ ལན་ཐེངས་གཉིས་ བཙག་འཐུ་གྲུབ་ཡོད་མི་དེ་ཡང་ ཁོ་གིས་ སྤྱི་ལོ་༢༠༠༨-༢༠༡༣ ཚུན་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་སྦེ་ ཕྱག་ཞུ་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༣ ལུ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་སྐབས་ འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་སྦེ་ བཅའ་མར་གཏོགས་པའི་སྐབས་ རྒྱལ་ཁ་ཐོབ་མ་ཚུགས་པས།
སྤྱི་ཟླ་༡༠ པའི་ཚེས་༡༨ ལུ་ སྤྱིར་བཏང་བཙག་འཐུ་ནང་ བཙག་འཐུ་གྲུབ་པའི་ཤུལ་ལུ་ ཀརྨ་ཌི་དབང་འདུས་ཀྱིས་ ཀུན་གསལ་ལུ་ བཤད་མིའི་ནང་ ཁོ་ར་ སྤྱི་ཚོགས་ཀྱི་ འཐུས་མི་སྦེ་ བཙག་འཐུ་གྲུབ་མི་ལུ་ ཁོ་རའི་རྒྱབ་སྐྱོར་པ་དང་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ ཧིང་ལས་ར་ བཀའ་དྲིན་དགའ་ཚོར་ཡོད་ཟེར་ཨིན་པས།
དེ་མ་ཚད་ ང་བཅས་རའི་ ཚོགས་པ་ལུ་ བློ་གཏད་དང་ ཡིད་ཆེས་ཐོག་ གཞུང་སྐྱོང་མི་སྦེ་ བཙག་འཐུ་འབད་མི་ལུ་ དགེ་ལེགས་ཕུག་གི་ མི་མང་ལུ་ བཀའ་དྲིན་དགའ་ཚོར་ཡོདཔ་མ་ཚད་ ཁོ་གིས་ བརྒྱ་ཆ་ལས་བརྒྱ་ཆ་སྦེ་ ང་རའི་འདེམས་ཁོངས་ལུ་ ཕྱག་ཞུ་ཚུགསཔ་འབད་ནི་ཨིན་ཟེར་ ཁོ་གིས་ བཤདཔ་ཨིན་པས།
སྐྱེས་ལོ་༣༣ ལང་མི་ ཕུན་སུམ་ཚོགས་པའི་འདེམས་ངོ་ པདྨ་བཀྲ་ཤིས་ཀྱིས་ཡང་ ཁོ་ར་ལུ་ ཚོགས་རྒྱན་སྐྱུར་གནང་མི་ རྒྱབ་སྐྱོར་པ་དང་ ཚོགས་རྒྱན་སྐྱུར་མི་ག་ར་ལུ་ བཀའ་དྲིན་དགའ་ཚོར་ཡོད་ཟེར་ བཤདཔ་མ་ཚད་ མི་སེར་གྱིས་ རང་སོའི་བློ་འདོད་དང་འཁྲིལ་ ཐག་བཅད་མི་ལུ་ ངོས་ལེན་ཡོད་ཟེར་ སླབ་ཨིན་པས།
པདྨ་བཀྲ་ཤིས་ཀྱིས་ རྒྱལ་ཁ་ཐོབ་མི་ མཉམ་རུབ་ཚོགས་པའི་ འདེམས་ངོ་ལུ་ བཀྲ་ཤིས་ལེགས་སྨོན་ ཞུཝ་དང་གཅིག་ཁར་ ད་ལྟོ་ ཁོ་ར་ ལོ་ན་གཞོནམ་འབདཝ་ལས་ གོ་སྐབས་བྱིན་པ་ཅིན་ ཤུལ་མའི་ནང་ ལོག་སྟེ་ར་ དོ་འགྲན་འབད་ནིའི་ མནོ་བསམ་ཡོད་ཟེར་ ཀུན་གསལ་ལུ་ བཤདཔ་ཨིན་པས།
ཤོམ་སྤང་ཁ་འདེམས་ཁོངས་ཀྱི་ མཉམ་རུབ་ཚོགས་པའི་འདེམས་ངོ་ སྐྱེས་ལོ་༤༠ ལང་མི་ ཊེག་བྷ་དུར་རའི་གིས་ ཚོགས་རྒྱན་འབོར་ཆེ་དྲགས་ཐོབ་སྟེ་ རྒྱལ་ཁ་ཐོབ་ཡོདཔ་ད་ འདེམས་ངོ་དེ་ རྫོང་ཁག་ནང་ མང་ཤོས་ཅིག་གིས་ རྒྱལ་ཁ་ཐོབ་ངེས་པའི་འདེམས་ངོ་གཅིག་སྦེ་ ཆ་གནས་འབདཝ་བཞིན་དུ་ རྒྱལ་ཁ་ཐོབ་ནུག།
སྐྱེས་ལོ་༣༤ ལང་མི་ ཕུན་སུམ་ཚོགས་པའི་འདེམས་ངོ་ དེའུ་ཀུ་མར་རི་མཱལ་གྱིས་ འཕྲུལ་ཆས་ཐོག་གི་ ཚོགས་རྒྱན་༢,༡༡༧ དང་ འགྲེམ་ཐོག་ཚོགས་རྒྱན་༧༤༥ འབདཝ་ད་ ཚོགས་རྒྱན་བསྡོམས་༢,༨༦༢ ཐོབ་ཡོདཔ་ད་ ཊེག་བྷ་དུར་རའི་གིས་ འཕྲུལ་ཆས་ཐོག་གི་ ཚོགས་རྒྱན་༥,༣༩༣ དང་ འགྲེམ་ཐོག་ཚོགས་རྒྱན་༡,༦༢༣ འབདཝ་ད་ ཚོགས་རྒྱན་བསྡོམས་༧,༠༡༨ ཐོབ་ཡོདཔ་བཞིན་དུ་ ད་རེས་ བཙག་འཐུ་ནང་ ཐེངས་དང་པ་ བཅའ་མར་གཏོགསཔ་ད་ར་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་སྦེ་ བཙག་འཐུ་གྲུབ་ཡོདཔ་ཨིན་པས།
ཞི་བའི་བཟོ་རིག་འགོ་དཔོན་ཅིག་ཨིན་མི་ ཊེག་བྷ་དུར་རའི་དེ་ སྲིད་དོན་ནང་ བཅའ་མར་མ་གཏོགས་པའི་ཧེ་མར་ ལས་འགུལ་བཟོ་རིག་འགོ་དཔོན་སྦེ་ ཕྱག་ཞུ་ཡོདཔ་ད་ ཕུན་སུམ་ཚོགས་པའི་ འདེམས་ངོ་དེ་ བརྡ་དོན་འཕྲུལ་རིག་གི་ ཁྱད་རིག་ཅན་དང་ ཚོང་ལས་འཐབ་མི་ཅིག་ཨིན་པས།
དེའུ་ཀུ་མར་རི་མཱལ་གྱིས་ སྔོན་འགྲོའི་གྲུབ་འབྲས་ གསལ་བསྒྲགས་འབད་བའི་ཤུལ་ལུ་ མཉམ་རུབ་ཚོགས་པ་དང་ ཕུན་སུམ་ཚོགས་པ་གཉིས་ཆ་ར་ལུ་ རྒྱབ་སྐྱོར་དང་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ བཀའ་དྲིན་དགའ་ཚོར་ཡོད་ཟེར་ བཤདཔ་མ་ཚད་ མི་སེར་གྱིས་ གདམ་ཁ་རྐྱབ་མི་ལུ་ བརྩི་བཀུར་དང་ འདེམས་ཁོངས་དེ་ནང་ བཙག་འཐུ་གྲུབ་མི་ སྤྱི་ཚོགས་ཀྱི་འཐུས་མི་ ཊེག་བྷ་དུར་རའི་ལུ་ཡང་ བཀྲིས་ལེགས་སྨོན་ཡོད་ཟེར་ བཤདཔ་ཨིན་པས།
ཊེག་བྷ་དུར་གྱིས་འབད་བ་ཅིན་ གྲུབ་འབྲས་དེ་སྦེ་ ཐོན་མི་དེ་ སྲིད་ཚོགས་དང་ ཁོ་རའི་དོན་ལུ་ རྒྱབ་སྐྱོར་ཧྲིལ་བུ་སྦེ་ ལཱ་འབད་མི་ ཚོགས་པའི་རྒྱབ་སྐྱོར་པ་ཚུ་གི་ བཀའ་དྲིན་ལས་བརྟེན་ཨིན་པའི་ཁར་ ང་བཅས་ལུ་ ཕྱུགཔོ་དང་ཕྱདཔ་དང་ མི་སེར་ཉམ་ཆུང་མངམ་ཡོདཔ་ལས་ མི་སེར་གྱིས་ སོར་བསྒྱུར་དང་ ཁོང་རའི་འཕྲོད་བསྟེན་གྱི་དོན་ལུ་ ཚོགས་རྒྱན་བཙུགས་ཡོདཔ་ལས་ གཙོ་བོ་ར་ ང་བཅས་རའི་ ཁས་བླང་གསལ་བསྒྲགས་ལུ་བརྟེན་ཨིན་ཟེར་ བཤདཔ་ཨིན་པས།
གསར་སྤང་རྫོང་ཁག་གི་ བཙག་འཐུ་དེ་ དགའ་སྟོན་དང་འབྲེལ་ འགོ་འདྲེན་འཐབ་ཡོད་མི་དེ་ཡང་ རྫོང་ཁག་གཞན་ལས་འོང་མི་ ཚོགས་རྒྱན་སྐྱུར་མི་མང་ཤོས་ཅིག་གིས་ དཱ་སའིན་དུས་སྟོན་ བརྩི་སྲུང་དང་འབྲེལ་ རང་སོའི་གདམ་ཁ་དང་འཁྲིལ་བའི་ འདེམས་ངོ་བཙག་འཐུ་འབད་ནི་གི་ གོ་སྐབས་ཐོབ་མི་ལུ་བརྟེན་ཨིན་པས།
ཤོམ་སྤང་ཁ་ལས་ ཚོགས་རྒྱན་སྐྱུར་བར་འོང་མི་ མིག་དམར་ཏ་མང་གིས་ བཤད་མིའི་ནང་ སྤྱི་ལོ་༢༠༡༨ ཀྱི་ སྤྱིར་བཏང་བཙག་འཐུ་དེ་ སེམས་ཁ་ལས་ བརྗེད་པར་ཕངས་པའི་ གནས་སྐབས་ཅིག་ཨིན་མི་དེ་ཡང་ ཕུན་ཚོགས་གླིང་ལས་ཚུར་ ཚོགས་རྒྱན་སྐྱུར་ནི་དང་འབྲེལ་ མོ་རའི་བཟའ་ཚང་ཚུ་དང་གཅིག་ཁར་ དཱ་སའིན་གི་དུས་སྟོན་ བརྩི་སྲུང་གི་ གོ་སྐབས་ཐོབ་མི་བརྟེན་ཨིན་ཟེར་བཤདཔ་ཨིན་པས།
ཉིནམ་དེ་ཁར་ ཚོགས་རྒྱན་སྐྱུར་བར་འོང་མི་ མང་ཤོས་ཅིག་ ཚོགས་རྒྱན་བ་ལྷགཔ་སྦེ་ དཱ་སའིན་གི་སྐོར་ ལོ་རྒྱུས་སླབ་སར་ གོ་ཡོདཔ་ད་ གསར་སྤང་ལས་ སྐྱེས་ལོ་༣༤ ལང་མི་ པ་སངས་ཏ་མང་གིས་ བཙག་འཐུ་དེ་གིས་ ས་གནས་ཁག་སོ་སོའི་ནང་སྡོད་མི་ ཉེ་ཚན་དང་ཆ་རོགས་ཚུ་དང་ཕྱད་ནིའི་ གོ་སྐབས་བཟང་པོ་ བྱིན་ཡོདཔ་མ་ཚད་ ཁོ་གི་ཨ་ཞང་ སྤ་རོ་ལས་འོང་མི་གིས་ ཚོགས་རྒྱན་བསྐྱུར་ནི་ རྐྱངམ་གཅིག་གིས་མ་དོ་བར་ བཟའ་ཚང་འཐུས་མི་ཚུ་དང་གཅིག་ཁར་ དཱ་སའིན་བརྩི་སྲུང་འབད་འོང་ཟེར་བཤདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གསར་སྤང་གི་ མི་སེར་ཚུ་ལུ་ མི་རྩིས་དང་ ས་ཆ་དང་འབྲེལ་བའི་ དཀའ་ངལ་ཚུ་ཡོདཔ་ལས་ གཞུང་གསརཔ་གིས་ དཀའ་ངལ་དེ་ སེལ་ཐབས་འབད་ཚུགས་མི་ཚུགས་ བལྟ་སྡོད་ནི་ཟེར་ཨིན་པས།
དེ་མ་ཚད་ ཞིང་ཆུ་དང་ འཐུང་ཆུ་ཡང་ རྫོང་ཁག་གི་ མི་སེར་ཚུ་ གདོང་ལེན་འབད་དགོཔ་ ཐོན་བཞིན་དུ་ཡོད་པའི་ དཀའ་ངལ་ཅིག་ཨིནམ་ལས་ ཁོང་ལུ་ འབྱ་ཞིང་ལངམ་སྦེ་ཡོད་རུང་ ཞིང་ཆུ་ལངམ་མེདཔ་ལས་ འབྱ་ལཱ་རྒྱ་ཆེ་དྲགས་སྦེ་ འབད་མི་ཚུགས་པས་ཟེར་ཨིན་པས།
དགེ་ལེགས་ཕུག་འདེམས་ཁོངས་ ཆུ་གཟར་སྒང་ལས་ སྐྱེས་ལོ་༣༤ ལང་མི་ ཚོགས་རྒྱན་སྐྱུར་མི་ པདྨ་གིས་ གཞུང་གསརཔ་གིས་ མའུ་ཁོ་ལ་གཙང་ཆུའི་གུ་ ཟམ་༡ རྐྱབ་བྱིན་ནིའི་ རེ་འདོད་བསྐྱེདམི་དེ་ཡང་ མཉམ་རུབ་ཚོགས་པ་གིས་ གཙང་ཆུ་དེ་ལུ་ ཟམ་རྐྱབ་ནིའི་ ཁས་བླང་གསལ་བསྒྲགས་འབད་མི་ལུ་བརྟེན་ཨིནམ་ད་ ཟམ་དེ་རྐྱབ་བྱིན་པ་ཅིན་རྐྱངམ་གཅིག་ ང་བཅས་རའི་ རེ་འདོད་འགྲུབ་ཚུགས་ཟེར་ སླབ་ཨིན་པས།
ད་རིས་ཀྱི་ བཙག་འཐུ་ནང་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ཚོགས་རྒྱན་བཙུགས་སའི་ས་གོ་ ཤོམ་སྤང་ཁ་ལུ་༢༡ དང་ དགེ་ལེགས་ཕུག་ལུ་༢༤ འབདཝ་ད་ བསྡོམས་ཀྱིས་༤༥ བཙུགས་ཡོདཔ་ད་ ཚོགས་རྒྱན་ལས་བྱེདཔ་༢༢༠ བགོ་བཀྲམ་འབད་ཡོདཔ་བཞིན་དུ་ ཚོགས་རྒྱན་སྐྱུར་མི་ རྒན་ཤོས་དང་ སྐྱེས་མ་ཚུ་ལུ་ གོ་སྐབས་ཧེ་མར་བྱིན་ནུག།
འདེམས་ཁོངས་གཉིས་ནང་ འོས་འབབ་ཅན་གྱི་ ཚོགས་རྒྱན་སྐྱུར་མི་བསྡོམས་༣༠,༡༨༣ གྱིས་ ཐོ་བཀོད་འབད་ཡོདཔ་ལས་ གསར་སྤང་རྫོང་ཁག་དེ་ བཀྲིས་སྒང་དང་ བསམ་རྩེ་ མོང་སྒར་གྱི་ཤུལ་ལས་ ཚོགས་རྒྱན་སྐྱུར་མིའི་གྱངས་ཁ་ མཐོ་ཤོས་ཡོད་མི་རྫོང་ཁག་༤ པའི་གྲངས་སུ་ཚུདཔ་ཨིན་པས།
དགེ་ལེགས་ཕུག་འདེམས་ཁོངས་ནང་ ཚོགས་རྒྱན་སྐྱུར་མི་བསྡོམས་༡༧,༢༤༢དང་ ཤོམ་སྤང་ཁ་འདེམས་ཁོངས་ནང་༡༢,༩༤༡ ཡོདཔ་ཨིན་པས།
འདེམས་ཁོངས་དེ་གཉིས་ལས་ འགོ་ཐོག་བཙག་འཐུའི་སྐབས་ འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་བསྡོམས་༦,༧༥༩ དང་ འབྲུག་ཕུན་སུམ་ཚོགས་པ་གིས་༤,༧༡༠ ཐོབ་ནུག།
དགེ་ལེགས་ཕུག་འདེམས་ཁོངས་ནང་ ཕུན་སུམ་ཚོགས་པའི་འདེམས་ངོ་ པདྨ་བཀྲ་ཤིས་དང་ མཉམ་རུབ་ཚོགས་པའི་འདེམས་ངོ་ ཀརྨ་ཌི་དབང་འདུས་ཀྱི་བར་ན་ ཚོགས་རྒྱན་འདྲ་མཉམ་འཚམས་ཅིག་ཐོབ་ཡོདཔ་ལས་ ཁྱད་པར་སྦོམ་མེད་པའི་ མངོན་གསལ་བྱུང་མི་དེ་ཡང་ འགོ་ཐོག་བཙག་འཐུའི་སྐབས་ འདེམས་ངོ་གཉིས་ཀྱི་བར་ན་ དོ་འགྲན་གྱི་ ཁྱད་པར་སྦོམ་མེད་ནི་དེ་གིས་ཨིན་པའི་གནས་ཚུལ།
སྐད་སྒྱུར་ ཀརྨ་བསྟན་འཛིན།