གསར་སྤང་ལུ་ ཚོགས་རྒྱན་འགོ་དཔོན་ཅིག་ རིགས་རུས་ལུ་བརྟེན་ ཉེ་རིང་ཕྱེས་ཡོདཔ།

༉ དགེ་ལེགས་ཕུག་ལུ་ སྐྱེས་ལོ་༢༣ ལང་མི་ ཞི་གཡོགཔ་ཅིག་ འཇིགས་མེད་ཆོས་གླིང་རྒེད་འོག་ དགུང་རྩེ་ཁ་ལུ་ སྤྱིར་གཏང་བཙག་འཐུ་སྐབས་ ཚོགས་རྒྱན་འགོ་དཔོན་སྦེ་ བཏང་ཡོད་མི་དེ་ རིགས་རུས་ལུ་བརྟེན་ ཉེ་རིང་ཕྱེས་ཡོདཔ་སྦེ་ཨིན་པས།
མོ་གིས་ དགེ་ལེགས་ཕུག་འདེམས་ཁོངས་ཀྱི་ ངོས་ལེན་འགོ་དཔོན་ལུ་ མ་འོངས་པ་ལུ་ རྒྱལ་ཡོངས་ཀྱི་ལས་རིམ་ བཙག་འཐུ་བཟུམ་ཚུ་ནང་ ཞི་གཡོག་པའི་སྡོད་ཁྱིམ་དང་ གཞུང་གི་རྟེན་གཞི་ཚུ་ནང་ འགོ་འདྲེན་འཐབ་དགོཔ་སྦེ་ ཞུ་ཡིག་བྲིས་ཡོདཔ་ཨིན་པས།
དགུང་རྩེ་ཁ་དེ་ གསར་སྤང་ལས་ གཞུང་འབྲེལ་དུ་ ཉིན་ལམ་༣ འགོར་དོ་ཡོདཔ་ད་ ས་གནས་ནང་ གཞུང་གི་རྟེན་གཞི་ག་ནི་ཡང་མེདཔ་ལས་ ཚོགས་རྒྱན་ས་ཁོངས་སྦེ་ གནས་སྐབས་ཀྱི་སྦ་སྒོར་ཅིག་ བཟོ་ཡོདཔ་ད་ ཚོགས་རྒྱན་འགོ་དཔོན་ཚུ་ ཉེ་འདབས་ཀྱི་ཁྱིམ་ནང་ སྡོད་དགོཔ་ཐོན་ཡོདཔ་ཨིན་པས།
ཞི་གཡོགཔ་དེ་གིས་ སླབ་མིའི་ནང་ ས་གནས་ནང་ལྷོད་པའི་ཤུལ་ལུ་ ཁྱིམ་གྱི་ཇོ་བདག་གིས་ མོ་གི་མིང་དང་ རིགས་རུས་ཚུ་ དྲིས་ཞིནམ་ལས་ མོ་ལུ་ ཐབ་ཚང་དང་ ཁང་མིག་གཙོ་ཅན་ནང་ འཛུལ་མ་གནང་ཟེར་ སླབ་ཡོདཔ་ད་ མོ་གིས་ ག་ཅི་སྦེ་ཨིན་ན་ཟེར་ དྲི་དཔྱད་འབད་བའི་སྐབས་ ཁོང་གིས་ ལམ་ལུགས་སྲོལ་ལྟར་དུ་ མོ་གི་རིགས་རུས་ དམའ་སུ་འབདཝ་ལས་ ཐབ་ཚང་ནང་ འཛུལ་མ་བཅུག་ཟེར་ཨིན་པས།
མོ་གིས་སླབ་མིའི་ནང་ དེ་སྦེ་སླབ་མི་དེ་གིས་ མོ་ལུ་དམའ་ཕབ་རྐྱབ་དོ་བཟུམ་ཚོར་ཡོདཔ་ལས་ དྲི་བཀོད་འབད་དེ་ འཐབ་དགོ་མནོ་རུང་ བཙག་འཐུའི་སྒྲིག་གཡོག་ནང་འབདཝ་ལས་ བཙག་འཐུའི་བྱ་རིམ་ནང་ ཐོ་མ་ཕོགཔ་ངེས་བརྟན་བཟོ་དགོཔ་ལས་ ག་ནི་ཡང་ མ་འབད་ཟེར་ཨིན་པས།
ཞི་གཡོག་ནང་ ཟླ་ངོ་༥ གི་ཧེ་མར་ ཁག་འབག་ཐོག་ འཛུལ་ཞུགས་འབད་ཡོདཔ་ད་ མོ་གིས་སླབ་མིའི་ནང་ མོ་ར་ སྐྱེས་ས་སྦོམ་ས་ ཐིམ་ཕུག་ལུ་འབདཝ་ལས་ མཐའ་ཟུར་གྱི་ས་གནས་ནང་ དེ་བཟུམ་གྱི་ གནད་དོན་ཚུ་ཡོདཔ་མ་ཤེསཔ་ལས་ མོ་རའི་ བརྩི་མཐོང་དང་ གུས་ཞབས་དེ་ བཅོམ་དཔ་བཟུམ་ཚོར་ཡི་ཟེར་ཨིན་པས།
མོ་གིས་སླབ་མིའི་ནང་ སྤྱིར་བཏང་མི་སེར་ག་ར་ དེ་བཟུམ་གྱི་ ལམ་སྲོལ་སྐོར་ལས་ ཧ་གོ་ནི་དང་ མ་འོངས་པའི་ནང་ མི་ག་ལུ་ཡང་ དེ་བཟུམ་གྱི་གནད་དོན་ཚུ་ གདོང་ལེན་འབད་དགོཔ་མི་འཐོན་ནིའི་དོན་ལུ་ བཙག་འཐུ་འགོ་དཔོན་ཚུ་ལུ་ ཞུ་བ་འབད་ཞིནམ་ལས་ ངག་བརྗོད་ཅིག་ བྲིས་ཡི་ཟེར་ཨིན་པས།
ད་རུང་ མོ་གིས་ སླབ་མིའི་ནང་ ཞི་གཡོགཔ་ཅིག་ལུ་ དེ་བཟུམ་སྐྱོ་དྲགས་བརྩི་བ་ཅིན་ གཡུས་ཁའི་མི་ རིགས་རུས་དམའ་སུ་འབད་མི་ཚུ་ལུ་ ག་དེ་སྦེ་ བརྩི་དོ་ག་ཟེར་བའི་ ཚ་གྱང་ལངམ་མས་ཟེར་ཨིནམ་ད་ དེ་ཡང་མི་སེར་ཚུ་ ཨ་རྟག་ར་ རིགས་རུས་མཐོ་མི་དང་ འབྲེལ་བ་འཐབ་དགོཔ་ལས་ ཁོང་གི་ཐད་ཁར་ དམྱལ་བ་ནང་བཟུམ་མའི་ ཚོར་སྣང་བྱུང་དོ་འོང་ཟེར་ཨིན་པས།
གསོ་བའི་ལས་བྱེདཔ་ཅིག་གིས་ སླབ་མིའི་ནང་ རིགས་རུས་ཀྱིས་གནས་སྟངས་ཐད་ཁར་ ཧེ་མ་ཚར་གཅིག་ ཁྱིམ་གྱི་ཇོ་བདག་དེ་ མིག་ཏོ་ལུ་ གནོད་པ་ཕོག་སྟེ་ ང་ལས་ རྒྱབ་སྐྱོར་འཚོལ་བའི་སྐབས་ ཁོ་ལུ་ ཁྱོད་ཀྱིས་ཁྱིམ་ནང་ ང་འཛུལ་ནི་ལུ་ སྟབས་མ་བདེཝ་སྦེ་སླབ་ཡོད་རུང་ ད་རེས་ ང་ལས་ཞབས་ཏོག་ལེནམ་ད་ སྟབས་མ་བདེཝ་མིན་འདུག་ཟེར་ སླབ་ཅི་ཟེར་ཨིན་པས།
མོ་གིས་སླབ་མིའི་ནང་ དེ་བཟུམ་མའི་ མནོ་ལུགས་དེ་ མར་ཕབ་འབད་ནིའི་དོན་ལུ་ ཤེས་ཡོན་དང་ གོ་བརྡེ་སྤེལ་དགོཔ་ཡོདཔ་ལས་ འབྲེལ་ཡོད་དབང་འཛིན་ཚུ་གིས་ བཀག་ཆགས་འབད་ནིའི་ ཐབས་ལམ་བཏོན་འོང་མནོ་བའི་ རེ་བ་ཡོད་ཟེར་ཨིན་པས།
འཇིགས་མེད་ཆོས་གླིང་རྒཔོ་ ཀུ་མར་གུ་རུང་གིས་ སླབ་མིའི་ནང་ བྱ་ངན་དེའི་སྐོར་ལས་ ག་གིས་ཡང་ སྙན་ཞུ་མ་འབདཝ་ལས་ ཤེས་རྟོགས་མ་འབྱུང་ཟེར་ཨིནམ་ད་ ས་གནས་ནང་གི་ ཞི་གཡོགཔ་ཚུ་གིས་ སླབ་མིའི་ནང་ ས་གནས་ནང་གི་ རིགས་རུས་ཆུང་མི་ཚུ་གིས་ ལས་རིམ་དང་ དུས་སྟོན་ཚུ་ འགོ་འདྲན་འཐབ་པའི་སྐབས་ རིགས་རུས་མཐོ་སུ་འབད་མི་ཚུ་ འབྲེལ་གཏོགས་འབད་མི་བཏུབ་ཟེར་ཨིན་པས།
ཞི་གཡོགཔ་ཅིག་གིས་ སླབ་མིའི་ནང་ ཁོ་ལུ་ཡང་ དེ་བཟུམ་མའི་ གདོང་ལེན་འབད་དགོཔ་བྱུང་ཡི་ཟེར་ཨིནམ་ད་ དེ་ཡང་ ས་གནས་ཀྱི་ མི་སེར་ག་ར་གིས་ ཁོ་ལུ་ དམའ་སུ་སྦེ་ལྟ་དོ་ཡོདཔ་ད་ འཕྲལ་འཕྲལ་སྦེ་ར་ རྫོང་ཁག་གི་འགོ་དཔོན་ཚུ་དང་གཅིག་ཁར་འགྱོ་བའི་སྐབས་ འགོ་དཔོན་ཚུ་ རིགས་རུས་མཐོ་མིའི་ཁྱིམ་ནང་ འཛུལ་བའི་སྐབས་ ཁོ་ར་ ཕྱི་ཁར་སྡོད་དགོ་པས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཤེས་ཡོན་དང་གོ་བརྡེ་སྤེལ་ནིའི་དོན་ལུ་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ལུ་ ཡིག་ཐོག་ཞུ་བ་ཕུལ་ཡོད་རུང་ ད་ལྟོ་ཚུན་ ངོས་ལེན་ག་ནི་ཡང་ མ་འབད་ཟེར་ཨིན་པས།
ད་རུང་ཁོ་གིས་ སླབ་མིའི་ནང་ འཕྲལ་འཕྲལ་གཡུས་ཁར་ འགྱོ་བའི་སྐབས་ ཁ་སྐོམ་སྟེ་ ཆུ་འཐུང་ནི་འབད་རུང་ ཆུ་ཏོག་དེ་ རིགས་རུས་མཐོ་མི་གི་འབདཝ་ལས་ ཆུ་འཐུང་ནིའི་རང་དབང་ཡང་ མེད་ཟེར་ཨིན་པས།
ཞི་གཡོགཔ་དེ་གིས་ སླབ་མིའི་ནང་ འཕྲལ་འཕྲལ་སྦེ་ རིགས་རུས་མཐོ་མིའི་ཁྱིམ་ནང་ འཛུལ་སོང་པ་ཅིན་ ཁོ་ར་འཛུལ་བའི་ཤུལ་ལུ་ བྱ་སྟབས་མ་བདེཝ་ག་ཅི་འབྱུང་རུང་ ཉེན་ཁ་ག་ར་ འབག་ནིའི་ཁས་ལེན་འབད་དགོཔ་ཡང་ འཐོན་ནི་ཡོདཔ་ལས་ དེ་བཟུམ་གྱི་ ལམ་སྲོལ་བཀག་ནིའི་ སྲིད་བྱུས་དགོཔ་འདུག་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཉིམ་རྡོ་རྗེ།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *