༉ གསར་སྤང་གི་ ཁྲོམ་རྙིངམ་དེ་ ཆུ་རུད་ལས་ ཉེན་སྲུང་འབད་ནིའི་དོན་ལུ་ ཉེ་འདབས་ཀྱི་ས་ཁོངས་ནང་ བཟོ་སྐྲུན་གྱི་ལཱ་ཚུ་ འབད་དོ་ཡོད་མི་དེ་ ཧ་ལམ་ མཇུག་བསྡུ་རན་ཁར་ ལྷོད་དེ་ཡོདཔ་ཨིན་པས།
དེ་ཡང་ ལཱ་ཚུ་གི་གྲས་ལས་ ས་སྣུམ་བཀྲམ་སྤེལ་ས་ཁོངས་ཀྱི་ ཉེ་འདབས་ལུ་ རིང་ཚད་མི་ཊར་༡༠ འབད་མི་ གཡུར་ཟམ་དེ་ ཧ་ལམ་མཇུག་བསྡུ་རན་ཁར་ ལྷོད་ཡོདཔ་བཞིན་དུ་ གཞུང་ལམ་གསརཔ་དེ་ འཕྲལ་མགྱོགས་ར་ སྣུམ་འཁོར་ཚུ་གི་དོན་ལུ་ སྒོ་ཕྱེ་ནི་ཨིན་པས།
ཁྲོམ་རྙིངམ་གི་ ས་ཁོངས་སྦུག་ལུ་ ལམ་སེལ་ལས་ཁུངས་ཀྱིས་ མཐོ་ཚད་མི་ཊར་ཕྱེད་དང་༡༠ དེ་ཅིག་འབད་མི་ བྱེམ་སྤུངས་བཞག་སར་ མཐོང་མི་དེ་ རིང་ཚད་མི་ཊར་༥༡༧ འབད་མི་ ཆུ་བྱག་རྐྱབ་ཡོདཔ་ད་ ཆུ་བྱག་དེ་ སྤྱི་ལོ་༢༠༡༦ ལུ་ ཆུ་རུད་ཐོན་པའི་སྐབས་ལུས་མི་ ས་སྲུང་དམག་སྒར་དང་ ས་སྣུམ་བཀྲམ་སྤེལ་ཁང་༢ དང་གཅིག་ཁར་ མཐུད་སྦྲེལ་འབད་ཡོདཔ་ཨིན་པས།
ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་གཙོ་འཛིན་ སི་བི་མོང་གར་གྱིས་ སླབ་མིའི་ནང་ གཙང་ཆུའི་མཐའམ་བདའ་སྟེ་ ཆུ་ཁ་འགྱུར་བཏང་ཐོག་ལས་ ཁྲོམ་དང་ གཞུང་ལམ་ཉེན་སྲུང་གི་དོན་ལུ་ རྩིག་བྱང་ཚུ་ཡང་ སྒྲིང་སྒྲི་སྦེ་ རྐྱབ་སྟེ་ཡོད་ཟེར་ཨིན་པས།
ད་ལྟོ་ ལྷག་ལུས་ཡོད་མི་ བཟོ་སྐྲུན་ལཱ་ཚུ་གི་གྲས་ལས་ ས་སྣུམ་བཀྲམ་སྤེལ་ས་ཁོངས་དང་ ཚོད་བསྲེ་ཁྲོམ་ དེ་ལས་ ཁྱིམ་གུང་པ་དག་པ་ཅིག་ ཡོདཔ་ཨིན་པས།
བཟོ་རིག་གཙོ་འཛིན་འགོ་དཔོན་གྱིས་ སླབ་མིའི་ནང་ མ་གཞི་ བཟོ་སྐྲུན་གྱི་ལཱ་ཚུ་ ལོ་༡ དེ་ཅིག་གི་ཧེ་མ་ལས་ འགོ་བཙུགས་ཡོད་རུང་ ཅ་ཆས་ཚུ་ དུས་ཚོད་ཁར་ མ་ལྷོད་མི་ལུ་བརྟེན་ ལཱ་གི་གྲུབ་འབྲས་ལུ་ ཐོ་ཕོག་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ དེ་སྦེ་ ཐོགས་ལུས་མི་དེ་ཡང་ ཅ་ཆས་ལ་ལོ་ཅིག་ ཨེ་མེ་རི་ཀ་རྒྱལ་ཁབ་ལས་ ནང་འདྲེན་འབད་མི་ལུ་བརྟེན་ དེ་གི་དོན་ལུ་ ཟླཝ་ལས་བཅད་དེ་ དུས་ཚོད་འགོར་ཡོདཔ་ད་ དེ་ལས་ རྒྱུ་མཚན་གཞན་མི་དེ་ ལས་མི་ལངམ་སྦེ་ མེད་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
མ་གཞི་ བཟོ་སྐྲུན་གྱི་ལཱ་ཚུ་ ཕྱི་སོ་རུང་ སྤུས་ཚད་དང་ལྡནམ་སྦེ་ བསྒྲུབ་འོང་ཟེར་ བཟོ་རིག་གཙོ་འཛིན་གྱིས་ བཤདཔ་ཨིན་པས།
བཟོ་སྐྲུན་གྱི་ལཱ་ ལྷག་ལུས་ཚུ་ ཟླཝ་འདི་རྫོགས་ཁམས་ལུ་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོདཔ་བཞིན་དུ་ ལས་འགུལ་གྱི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡༢༧ གནས་ཡོདཔ་ཨིན་པའི་གནས་ཚུལ།
སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།