གས་རྫས་གས་མི་ལུ་བརྟེན་ དགེ་སློང་ཅིག་ལུ་ རྨ་སྐྱོན་སྦོམ་བྱུང་ཡོདཔ།

༉ སྤྱི་ཟླ་༦ པའི་ཚེས་༡༡ གི་ ཉིན་མའི་ཆུ་ཚོད་༣ དེ་ཅིག་ཁར་ བསམ་གྲུབ་ལྗོངས་མཁར་ ཊིག་ཤིང་རི་ལུ་ གས་རྫས་གས་མི་ལུ་བརྟེན་ སྐྱེས་ལོ་༡༤ ལང་མི་ བདུད་འཇོམས་ཆོས་ཁང་བཤད་གྲྭའི་ དགེ་སློང་ཅིག་ལུ་ རྨ་སྐྱོན་སྦོམ་སྦེ་ར་ བྱུང་ཡོདཔ་ལས་ བདེ་བ་ཐང་སྨན་ཁང་ནང་ བསྐྱལ་ཡོདཔ་ཨིན་པས།

ཉམས་རྒུདཔ་དགེ་སློང་དེ་ བདེ་བ་ཐང་སྨན་ཁང་གིས་ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་ བཏང་ཡོདཔ་བཞིན་དུ་ ཉམས་རྒུདཔ་དེ་ གནས་སྟངས་ལེགས་ཤོམ་ཐོག་ལུ་ ཡོདཔ་ཨིན་པས།
བྱུང་རྐྱེན་དེ་གི་སྐོར་ལས་ ནར་ཕུང་གི་ཚོགས་པ་ པ་སངས་ཚེ་རིང་གིས་ བསམ་གྲུབ་ལྗོངས་མཁར་གྱི་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ དེ་འཕྲོ་ལས་ འགག་སྡེའི་ཞིབ་དཔྱད་སྡེ་ཚན་ བདེ་བ་ཐང་སྨན་ཁང་ནང་ ཞིབ་དཔྱད་འབད་བར་ སོང་ཡོདཔ་ཨིན་པས།
བཤད་གྲྭའི་སློབ་དཔོན་ སྤྲུལ་སྐུ་རྡོ་རྗེ་གིས་ ཁྲིམས་སྲུང་འགག་པ་ལུ་ ངག་བརྗོད་བཀོད་མི་དང་འཁྲིལཝ་ད་ ཉིན་མའི་ཆུ་ཚོད་༡༢ དེ་ཅིག་ལུ་ ཉམས་རྒུདཔ་དེ་ དགེ་སློང་གཞན་༦ དང་གཅིག་ཁར་ བཤད་གྲྭ་ལས་ ཀི་ལོ་མི་ཊར་༢ དེ་ཅིག་གི་ ས་ཁར་ཡོད་མི་ ཊིག་ཤིང་རི་ལུ་ ཆུ་གཡུར་སེལ་བར་ སོང་ཡི་ཟེར་ཨིན་པས།
གནས་ཚུལ་བྱིན་མི་ཚུ་གིས་ སླབ་མིའི་ནང་ བྱུང་རྐྱེན་དེ་ ཉིན་མའི་ཆུ་ཚོད་༣ དེ་ཅིག་ཁར་ ཉམས་རྒུདཔ་གིས་ ཆུ་གཡུར་སེལ་བའི་སྐབས་ ས་ཁོངས་ནང་ཡོད་མི་ གས་རྫས་དེ་ མ་མཐོང་པར་ དེ་གུ་ རྡོ་བཀལ་བཞག་ནི་དེ་གིས་ གས་མི་ལུ་བརྟེན་ རྨ་སྐྱོན་སྦོམ་སྦེ་ར་ བྱུང་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལགཔ་༢ ཆ་རའི་ ལག་མཐིལ་འཚིགས་ཡོད་པའི་ཁར་ རྐངམ་༢ ཆ་ར་ འཚིགས་ཡོདཔ་བཞིན་དུ་ ལགཔ་གཡོནམ་གི་ མཛུབ་མོ་༤ བཏོགས་བཏང་མི་ལུ་བརྟེན་ རུ་ཏོ་ཚུ་ཡང་ མཐོངམ་མས་ཟེར་ཨིན་པས།
དེ་འབདཝ་ད་ བྱུང་རྐྱེན་གྱི་སྐབས་ དགེ་སློང་གཞན་༦ ས་ཁོངས་སོ་སོའི་ནང་ ལཱ་འབད་སྡོད་མི་ལུ་བརྟེན་ ཁོང་ཆ་ཁྱབ་ལུ་ རྨ་སྐྱོན་ག་ནི་ཡང་ མ་བྱུངམ་ད་ བྱུང་རྐྱེན་དེ་ ཌན་ཊག་གི་རིཕ་གིས་ གཞུང་ལམ་རྒྱ་བསྐྱེད་འབད་སའི་ ཉེ་འདབས་ལུ་ བྱུང་ཡོདཔ་ལས་ གས་རྫས་དེ་ཡང་ གི་རིཕ་གིས་ བཞག་ཡོད་པའི་ དོགས་པ་ཡོད་ཟེར་ཨིན་པས།
གི་རིཕ་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ རྐྱེན་ངན་བྱུང་སའི་ ས་ཁོངས་ནང་ གས་རྫས་འཐོབ་ནིའི་ གོ་སྐབས་མེད་མི་དེ་ རྒྱ་བསྐྱེད་ཀྱི་ལཱ་དེ་ གཡུས་ཚན་ཚུ་གི་ལྟག་ལུ་ ལྷོད་ནི་དེ་གིས་ གས་རྫས་ལག་ལེན་ འཐབ་མ་ཚུགས་མི་ལུ་བརྟེན་ ཟླཝ་༤ དེ་ཅིག་གི་ ཧེ་མ་ལས་ བཤོལ་བཞག་འབད་ཞིནམ་ལས་ ནར་ཕུང་ཁྲོམ་ཁ་ཐུག་ལས་ སྤོ་བཤུད་འབད་ཡི་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ ཁོང་གི་ལཱ་ལུ་བརྟེན་ མི་དང་ རི་དྭགས་སེམས་ཅན་ལ་སོགས་པ་ཚུ་ལུ་ གནོད་སྐྱོན་འབྱུང་མི་བཅུག་ནིའི་དོན་ལུ་ ས་ཁོངས་ག་ཏེ་འབད་རུང་ གཙོ་རིམ་བྱིན་དོ་ཟེར་ཨིན་པས།
སྐྱེས་ལོ་༥༠ ལང་མི་ ཉམས་རྒུད་པའི་ཨ་པ་ གནམ་སྟོང་གིས་ སླབ་མིའི་ནང་ གས་རྫས་ལུ་བརྟེན་ ཁོ་གི་བུ་ལུ་ རྨ་སྐྱོན་བཏོན་ཡོད་མི་ལུ་ བཟོད་མི་ཚུགས་པས་ཟེར་ཨིནམ་ད་ འབྲེལ་ཡོད་དབང་འཛིན་ཚུ་གིས་ གས་རྫས་ཚུ་ ས་ཁོངས་ནང་ ག་དེ་སྦེ་ ལྷོད་ཡོདཔ་ཨིན་ན་དང་ ག་གིས་ བཞག་ཡོདཔ་ཨིན་ན་ འཕྲལ་མགྱོགས་ར་ ཞིབ་དཔྱད་ནིའི་ རེ་བ་ཡོད་ཟེར་ཨིན་པས།
གནད་དོན་དེ་ ད་ལྟོ་ ཞིབ་དཔྱད་འབད་བའི་བསྒང་ ཡོདཔ་ཨིན་པའི་གནས་ཚུལ།

བསམ་ལྗོངས་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *