གཤོམ་སྤང་ཁ་རྒེད་འོག་ ཁྲིམས་འདུན་ལུ་བསྐྱལ་ཡོདཔ།

གསར་སྤང་གཤོམ་སྤང་ཁ་རྒེད་འོག་གིས་ ས་རྐོ་འཕྲུལ་ཆས་ཀྱི་འཐུས་ སྤྲོད་མ་བཏུབ་མི་ལུ་བརྟེན་ ཁག་འབགཔ་ཅིག་གིས་ ཁྲིམས་ཀྱི་འདུན་སར་ བསྐྱལ་ཡོདཔ་ཨིན་པས།

ཁག་འབགཔ་ ནོ་བིན་རའི་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྒེད་འོག་གི་ གུམ་ཆུ་ལའམ་ ཧེ་མར་ ཅར་གཡུས་ཚན་ཟེར་སླབ་མི་ སོ་ནམ་ཞིང་ལམ་ཀི་ལོ་མི་ཊར་༢.༧ དེ་ཅིག་ སེལ་ནིའི་དོན་ལུ་ ཁོ་གི་ས་རྐོ་འཕྲུལ་ཆས་དེ་ གླ་ཁར་ལག་ལེན་འཐབ་ནི་སྦེ་ རྒེད་འོག་བདག་སྐྱོང་གིས་ སླབ་དེས་ཟེར་ཨིན་པས།

མ་དངུལ་ དངུལ་ཀྲམ་ས་ཡ་༤.༤ འབད་མི་ ཞིང་ལམ་སེལ་ནིའི་ལཱ་དེ་ གོང་ཚད་ཉུང་ཤོས་བཙུགས་མི་ དུན་ཧིལ་བཟོ་སྐྲུན་ལས་སྡེ་ལུ་ སྤྲོད་ཡོདཔ་ད་ དེ་བསྒང་ ལས་སྡེ་ལུ་ ད་རུང་ སོ་ནམ་ཞིང་ལམ་སེལ་ནིའི་ ལཱ་གཞན་ཅིག་ཡང་ ཡོདཔ་ཨིན་པས།

ལས་སྡེ་གིས་ ཞིང་ལམ་སེལ་ནིའི་ལཱ་ མཇུག་བསྡུ་མ་ཚུགས་མི་ལུ་བརྟེན་ རྒེད་འོག་གིས་ རྩིས་ལེན་ནིའི་ཐག་བཅད་དེ་ སྤྱི་ལོ་༢༠༡༦ ལུ་ མཇུག་བསྡུ་ཡོདཔ་ལས་ གཡུས་ཚན་དེ་ནང་གི་ ཁྱིམ་གུང་པ་༢༧ ལྷགཔ་ཅིག་ལུ་ ཕན་ཁྱད་བྱུང་ཡོདཔ་ཨིན་པས།

ནོ་བིན་རའི་ལུ་ དུན་ཧིལ་བཟོ་སྐྲུན་ལས་སྡེ་གིས་ ལཱ་འབད་མི་ལུ་ དབང་ཚད་སྤྲོད་ཡོད་རུང་ ལཱ་གི་གྲུབ་འབྲས་ལུ་བལྟ་སྟེ་ རྒེད་འོག་ སེམས་དང་མ་ལྡནམ་ཨིན་པས།

གཤོམ་སྤང་ཁ་རྒཔོ་ སུག་དོཇ་ཡོན་ཟོན་གྱིས་ སླབ་མིའི་ནང་ བཟོ་སྐྲུན་ལས་སྡེ་ལུ་ དུས་ཚོད་ཕར་འགྱངས་འབད་ཡོད་རུང་ ལཱ་ཚུ་ མཇུག་བསྡུ་མ་ཚུགས་མི་ལུ་བརྟེན་ རྩིས་ཞིབ་འབད་མི་ཚུ་གིས་ གནད་དོན་དེ་ བཏོན་ཞིནམ་ལས་ རྒེད་འོག་ལུ་ དྲན་ཐོ་བྱིན་ཡི་ཟེར་ཨིནམ་ད་ རྒེད་འོག་གིས་ སྤྲོད་དགོཔ་ཡོད་མི་ཚུ་ སྤྲོད་ཚར་བའི་ཤུལ་ལུ་ ལཱ་ཚུ་ རྩིས་ལེན་ཡི་ཟེར་ཨིན་པས།

ནོ་བིན་རའི་གིས་ ཁག་འབགཔ་དེ་ལས་ ཐོབ་རྩིས་ཡོད་མིའི་སྐོར་ ཁ་བཟེད་དོ་ཡོདཔ་ད་ ན་ཧིང་ དམངས་མི་གིས་ དངུལ་ཀྲམ་༧༦,༩༨༠ བྱིན་ཡོདཔ་བཞིན་དུ་ ལྷག་ལུས་ཚུ་ རྒེད་འོག་བདག་སྐྱོང་གིས་ ཤུལ་ལས་ སྤྲོད་ནི་སྦེ་ སླབ་དེས་ཟེར་ཨིན་པས།

རྒཔོ་གིས་ སླབ་མིའི་ནང་ ཁོང་གིས་ སྤྲོད་ནི་ཡོད་མི་ཚུ་ག་ར་ སྤྲོད་ཚར་མི་ལུ་བརྟེན་ ལྷག་ལུས་འཐོབ་ནི་ཡོད་མི་ཚུ་ ཁོ་གིས་ ལཱ་རྩིས་ལེན་མི་ ཁག་འབགཔ་དེ་ལས་ ལེན་དགོཔ་སྦེ་ སླབ་ཅི་ཟེར་ཨིན་པས།

ནོ་བིན་རའི་གིས་ ད་རུང་ རྒེད་འོག་ཡིག་ཚང་ལས་ དངུལ་ཀྲམ་༣༧,༠༠༠ ཐོབ་བརྗོད་བཀོད་ཡོདཔ་ད་ དེ་ཡང་ ཉིན་བསྟར་བཞིན་དུ་ འཕྲུལ་ཆས་ཀྱིས་ ལཱ་འབད་མི་ ཐོ་དེབ་གུ་ དམངས་མི་གིས་ ལག་རྟགས་རྐྱབ་སྟེ་ཡོད་ཟེར་ ཁ་ཉེས་བཀལཝ་ཨིན་པས།

ཁ་ཙ་ གཤོམ་སྤང་ཁ་རྒེད་འོག་གི་ འགོ་དཔོན་ཚུ་ ཁྲིམས་ཀྱི་འདུན་སར་ སྙན་ཞུ་འབད་ཡོད་རུང་ ནོ་བིན་རའི་དེ་ ཕུན་ཚོགས་གླིང་ལུ་སྡོད་དོ་ཡོདཔ་ལས་ ཁྲིམས་ཀྱི་འདུན་སར་ ལྷོད་མ་ཚུགས་མི་ལུ་བརྟེན་ སྙན་གསན་ཡང་ ཕར་འཕུལ་རྐྱབ་ཡོད་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *