གཤག་བཅོས་འབད་མི་རྨ་གུ་ ནད་གཞི་ཐོབ་མི་ མང་སུ་ཐོན་དོ་ཡོདཔ།

༉ ཐིམ་ཕུག་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ གཤག་བཅོས་སྡེ་ཚན་ནང་ གཤག་བཅོས་འབད་མི་རྨ་གུ་ ནད་གཞི་ཐོབ་མི་བརྒྱ་ཆ་༣༠.༧ ཐོན་མི་དེ་ ལུང་ཕྱོགས་ནང་ མཐོ་ཤོས་ཅིག་ཨིན་པས།

སྙན་ཞུ་དེ་ཡང་ གཙོ་བསྟེན་སྨན་ཁང་ནང་ སྤྱི་ཟླ་༧ པ་ལས་༡༡ པ་ཚུན་ གཤག་བཅོས་འབད་མི་ རྨ་དང་འབྲེལ་བའི་ ནད་གཞི་ཐོབ་མིའི་སྐོར་ལས་ ཞིབ་འཚོལ་འབད་མི་དང་འཁྲིལ་ཨིན་པས།

ཞིབ་འཇུག་དང་འཁྲིལཝ་ད་ གཤག་བཅོས་འབད་བའི་ཤུལ་ལས་ ནད་ཐོབ་མི་དེ་གཙོ་བོ་ར་ ལོ་ན་རྒས་མི་དང་ རྨ་ཧིང་སངས་ས་སྦེ་མ་བཞག་མི་ དེ་ལས་ གཟུགས་ཉམས་རྒྱགས་མི་དང་ ཏམ་ཁུ་འཐུང་མི་ཚུ་ལུ་བརྟེན་ བྱུང་དོ་ཡོདཔ་ཨིན་པས།

ཌོག་ཊར་ བསོད་ནམས་རྒྱ་མཚོ་གིས་ སླབ་མིའི་ནང་ ཞིབ་འཚོལ་ནང་ ཕྱིའི་ནདཔ་ཚུ་ ཚུད་དེ་མེད་པའི་ཁར་ སྨན་ཁང་ནང་གི་ ལས་བྱེདཔ་ཚུ་གི་གཙང་སྦྲ་འཕྲོད་བསྟེན་དང་ ལག་པའི་གཙང་སྦྲ་ དེ་ལས་ གཤག་བཅོས་འབད་སའི་ ས་ཁོངས་ཀྱི་གཙང་སྦྲ་ དེ་ལས་ གཤག་བཅོས་འབད་ནིའི་ཅ་ཆས་ཚུ་ལུ་བརྟེན་ཏེ་ རྨ་ཚུ་ནང་ ནད་འཐོབ་ནིའི་ཉེན་ཁ་ཡོད་ཟེར་ཨིན་པས།

གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེའི་ གཤག་བཅོསཔ་ བསོད་ནམས་རྒྱ་མཚོ་གིས་འབད་བ་ཅིན་ འཛམ་གླིང་ནང་ སྨན་ཁང་དང་འབྲེལ་བའི་ནད་གཞི་ གཤག་བཅོས་ལུ་བརྟེན་ཐོབ་མི་དེ་ བཀག་ཆ་འབད་ཚུགས་པའི་ནད་གཞི་ཨིན་རུང་ གོང་འཕེལ་སོང་ཡོད་མི་ སྨན་ཁང་ཚུ་ནང་ཡང་ རྨ་དང་འབྲེལ་བའི་ ནད་གཞི་ཐོབ་མི་དེ་ གྱངས་ཁ་མཐོ་ཤོས་༢ པ་ནང་ཡོདཔ་ལས་ དེ་གིས་ སྨན་ཁང་གི་དཔལ་འབྱོར་ལུ་ ཐོ་ཕོགཔ་ཨིན་ཟེར་ཨིན་པས།

ཁོ་གིས་ བཤད་མིའི་ནང་ ཞིབ་འཚོལ་དེ་ཡང་ གཤག་བཅོས་འབད་བའི་ཤུལ་ལས་ ཞག་གྲངས་༣༠ གྱི་རིང་ འཕྲོ་མཐུད་བརྟག་དཔྱད་འབད་བར་ འོང་མི་ཚུ་ལུ་ འབད་ཡི་ཟེར་ཨིན་པས།

ཞིབ་འཚོལ་སྐབས་ གཤག་བཅོས་འབད་མི་ནདཔ་༢༩༨ དང་འབྲེལ་བ་འཐབ་ཡོདཔ་ད་ བརྒྱ་ཆ་༦༢ དེ་ཅིག་ སྨན་ཁང་ནང་ལས་ བཏང་བའི་ཤུལ་ལུ་ བདའ་ཟུན་མི་དེ་གིས་ སྨན་བཅོས་འཕྲོ་མཐུད་འབད་ནི་ལུ་ རྗེས་དཔྱད་འབད་བའི་རྟགས་ཨིན་ཟེར་བཤད་ཅི།

སྨན་ཁང་ནང་ལས་ མ་གཏང་པའི་ཧེ་མར་ རྨ་ཚུ་བརྟག་དཔྱད་འབད་དེ་ བཏང་དོ་ཡོད་པའི་ཁར་ དེ་གི་ཤུལ་ལས་ སྨན་བཅོས་དོན་ལུ་ ལོག་སྨན་ཁང་ནང་འོངམ་ད་ རྨ་འཁྱུ་བར་གཏང་ནི་ཡོད་ཟེར་ཨིན་པས།

ཞིབ་འཚོལ་དེ་ཡང་ རྨ་ནང་ཡོད་པའི་ ནད་འབུབ་བརྟག་དཔྱད་འབད་ནིའི་དོན་ལུ་ འགོ་འདྲེན་འཐབ་ཡོད་པའི་ཁར་ དེ་གིས་ མ་འོངས་པ་ལུ་ དེ་བཟུམ་མའི་ རྨ་དང་འབྲེལ་བའི་ ནད་གཞི་ཐོབ་མི་ཐོནམ་ད་ སྨན་བཅོས་འབད་ནི་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།

གཤག་བཅོས་འབད་མི་རྨ་གུ་ ནད་གཞི་ཐོབ་མིའི་སྐོར་ལས་ འབྲུག་ལུ་ ད་ལྟོ་ཚུན་ གནས་སྡུད་མེད་པའི་ཁར་ ཞིབ་འཚོལ་དེ་གིས་ ཉེན་ཁ་དང་འབྲེལ་བའི་ཞིབ་འཚོལ་ཚུ་ ཐེབས་འབད་དགོ་པའི་ གྲོས་འདེབས་འབད་ཡོདཔ་ཨིན་པས།

ཌོག་ཊར་བསོད་ནམས་རྒྱ་མཚོ་གིས་ སླབ་མིའི་ནང་ སྨན་ཁང་ཚུ་ནང་ ལམ་ལུགས་ཚུ་ ལེགས་ཤོམ་བཟོ་དགོཔ་འདུག་ཟེར་ཨིནམ་ད་ དེ་བཟུམ་མའི་ རྨ་དང་འབྲེལ་བའི་ ནད་གཞི་ཚུ་ལུ་ ཐབས་ཤེས་ཚུ་ བཏོན་དགོཔ་འདུག་ཟེར་ཨིན་པས།

དུས་ཚོད་དང་འཁྲིལཝ་ད་ སྨན་ཁང་ག་རའི་ནང་ ནད་འབུབ་དར་ཁྱབ་འགྱོ་ནི་ལས་ བཀག་ཐབས་འབད་ནིའི་ཐབས་ལམ་ཚུ་ བསྒྲིག་དགོཔ་འདུག་ཟེར་ཨིནམ་ད་ སྨན་ཁང་དང་འབྲེལ་བའི་ ནད་གཞི་འབུ་བའི་གནས་ཚད་ མར་ཕབ་འབད་ནི་དེ་ཡང་ གལ་ཆེཝ་སྦེ་ མཐོངམ་མས་ཟེར་ ཨིན་པའི་གནས་ཚུལ།

རྣམ་རྒྱལ་དབང་མོ།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *