གཡོག་གི་གོ་སྐབས་དང་ ལྕོགས་གྲུབ་ཅན་གྱི་ལཱ་གཡོགཔ་ འཐོབ་ནིའི་ཐབས་ཤེས།

༉ ད་རེས་ནངས་པར་ ང་བཅས་རའི་ འབྲུག་རྒྱལ་ཁབ་འདི་ནང་ ལཱ་གཡོག་གི་ དཀའ་ངལ་གཙོ་བོ་གསུམ་ཐོན་ཏེ་ཡོད་ཟེར་ཞུ་ནི།
དེ་ཡང་ གཡོག་གིས་ཁྱབ་མ་ཚུགས་པའི་དཀའ་ངལ་དང་ གཞུང་དང་སྒེར་སྡེ་ལུ་ ལྕོགས་གྲུབ་ཅན་གྱི་ ལཱ་གཡོགཔ་མ་འཐོབ་པའི་དཀའ་ངལ་ དེ་ལས་ ན་གཞོན་ཕོ་མོ་ཚུ་ལུ་ གཡོག་འཐོབ་མ་ཚུགས་པར་ སྤྱང་བཤལ་རྐྱབ་སྟེ་ སྡོད་དགོ་པའི་ དཀའ་ངལ་ཚུ་ ཐོན་ཏེ་ཡོདཔ་ཨིན།
ག་དེ་སྦེ་ཐོན་ཏེ་ཡོདཔ་སྨོ་ཟེར་བ་ཅིན་ གཡོག་འཚོལ་མི་ ན་གཞོན་ཚུ་ གནམ་བྱཱར་གྱི་ རྩྭ་བཟུམ་སྦེ་ གཅིག་ཤུལ་གཉིས་དེད་དེ་རྙིངམ་ཚུ་ལུ་ གཡོག་བྱིན་མ་ཚརཝ་ལས་ གསརཔ་ཚུ་ཐོན་ཏེ་འོངམ་ལས་ གཡོག་གིས་ཁྱབ་མ་ཚུགས་པའི་ དཀའ་ངལ་ཐོན་ཏེ་ཡོདཔ་ཨིན།
དེ་གི་དཀའ་ངལ་བསལ་ནིའི་དོན་ལུ་ ལས་གཡོག་ལྷན་ཁག་གིས་ གཞུང་དང་རང་སྐྱོང་ལས་འཛིན་ཚུ་གིས་གཙོས་པའི་ སྒེར་སྡེ་ཚུ་ནང་ གཡོག་གི་གོ་སྐབས་བཏོན་བྱིན་དགོ་པའི་ བཀའ་རྒྱ་གནང་དང་གནང་བཞིན་པ་འདུག ཁོང་གིས་འབད་རུང་ གཡོག་གི་ས་སྟོང་དང་འཁྲིལ་ཏེ་ གོ་སྐབས་ཚུ་བཏོན་ཏེ་ བྱིན་དེས་ཟེར་ཞུ་ནི།
དེ་འབདཝ་ད་ གཡོག་གི་ས་སྟོང་ཚུ་ནང་ གཡོག་མ་ཐོབ་མི་ཚུ་གིས་ འཛུལ་ནི་གི་ གོ་སྐབས་གསེར་ལས་དཀོནམ་སྦེ་ མཐོངམ་ཨིན་པས། ག་ཅི་སྦེ་ཟེར་བ་ཅིན་ ས་སྟོང་ཡོད་ཚད་གཅིགཔ་ནང་ ཉམས་མྱོང་དགོ་པའི་ ས་སྟོང་ཙང་ཙ་ཨིནམ་ལས་ གཡོག་ཡོད་མི་ རྒན་ཤོས་ཚུ་ལུ་མ་གཏོགས་ གཡོག་གསརཔ་འཚོལ་མི་ ན་གཞོན་ཚུ་ལུ་ མི་འཐོབ་པས།
དེ་འབདཝ་ལས་ འཇིག་རྟེན་གྱི་དཔྱེ་གཏམ་ལས། མགར་ས་གང་ཡང་མེད་པར། གླིང་གཞི་དོ་སྐོར་ཟེར་སླབ་མི་དེ་ར་ཨིན་པས། རྒན་ཤོས་ཚུ་ལུ་ གཡོག་ཧེ་མ་ལས་འདུག་ས། ད་རུང་ ཧེང་སྐལ་གདམ་ཁ་བྱིན་ ན་གཞོན་ཚུ་ལུ་ ཧེ་མ་ལས་གཡོག་མིན་འདུག་ས། ད་རུང་ མ་འཐོབ་བཟོ་ནིའི་ ཧད་བཏགས་ལུ་ ཉམས་མྱོང་དགོ་པའི་ ལོ་རྒྱུས་བཤད་དེ་ སྡོདཔ་ཨིན་པས།
དེ་གིས་སྦེ་ ཉམས་མྱོང་ཡོད་མི་ལས་དྲག་པའི་ ལྕོགས་གྲུབ་ཅན་དང་ འཇོན་ཐངས་ཅན་གྱི་ ན་གཞོན་ཚུ་ མལ་ཆ་ནང་གཏི་མུག་བསྒོམ་སྡོད་ནི་དང་ ཁྲོམ་ཁ་ལས་ཕར་ སྤྱང་བཤལ་རྐྱབ་སྟེ་མ་སྡོད་པར་ ཐབས་ཤེས་གཞན་རྩ་ལས་མིན་ནུག། གཞན་དལ་གཞི་ མགུ་ནག་མི་གི་རིས་མོ་ནང་ལས་དང་། སེམས་ཅན་སྟག་གི་རིས་མོ་ཕྱི་ལས་ཟེར་མི་གི་ ལྕོགས་གྲུབ་ཕྱི་ཁ་ལས་ མི་མཐོང་མས་ཟེར་ཞུ་ནི། དེ་འབད་ནི་དེ་གིས་ ལྕོགས་གྲུབ་ཡོད་མེད་བལྟ་ནིའི་དོན་ལུ་ ཆོས་རྒྱུགས་ནང་ བཅའ་མར་གཏོགས་ནིའི་ གོ་སྐབས་བྱིན་དགོཔ་ཅིག་ ངེས་བདེན་འདུག་ཟེར་མནོཝ་མས།
དེ་ལས་ ལྕོགས་གྲུབ་ཡོད་པ་ཅིན་ རང་གཞན་གཉིས་ལུ་ ཕན་པ་ཡོདཔ་ལས་ གཡོག་གནང་ནི་དང་ ལྕོགས་གྲུབ་མེད་པ་ཅིན་བཤོལ་བཞག་རུང་བཏུབ་པས། གཡོག་འཚོལ་མི་ཨིན་རུང་ རང་གིས་ ཚགས་ཁར་མ་ཚུདཔ་ཨིནམ་ཤེས་ཏེ་ འགྱོད་པ་མི་བསྐྱེདཔ་འོང་ཟེར་མནོཝ་མས།
དེ་འབདཝ་ད་ ཤེས་ཚད་བརྟག་དཔྱད་ར་མ་འབདཝ་ལས་ ན་གཞོན་ཚུ་ མི་འཐོབ་ཟེར་བཞགཔ་ད་ ལྕོགས་གྲུབ་ཡོད་རུང་མེད་རུང་ རྙིངམ་དེ་ར་ ལེན་དགོཔ་ཐོནམ་ཨིན་མས། དེ་ལས་ གཡོག་མི་བྱིན་ནིའི་ ཧད་བཏགས་གཉིས་པ་འདི་ ན་གཞོན་ལ་ལོ་ཅིག་ ད་ལྟོ་གཙུག་ལག་ཤེས་ཚད་ནང་ ལྕོགས་གྲུབ་ཅན་ཅིག་སྦེ་ ཐོན་ཏེ་ཡོད་རུང་ རླུང་རྟ་བུབས་དང་ ཁ་ཐུག་རྐྱབ་སྟེ་ སློབ་རིམ་༡༠ པ་དང་༡༢ པའི་ནང་ སྐུགས་བརྒྱ་ཆ་༦༠ མ་ཐོབ་པར་ལུས་མི་འདུག།
གནད་དོན་དེ་ལུ་བརྟེན་ གཡོག་མི་བྱིན་ནིའི་ ཧད་བཏགས་ལེགས་ཤོམ་ཅིག་ཆགས་ཏེ་ བརྒྱ་ཆ་༦༠ མིན་འདུག་ཟེར་ བཅའ་མ་ར་གཏོགས་མ་ཆོགཔ་སྦེ་བཟོ་སྟེ་ཨིན་པས། གལ་སྲིད་ སློབ་རིམ་༡༠ པ་དང་༡༢ པའི་ནང་ བརྒྱ་༦༠ མ་ཐོབ་ཙམ་གྱིས་ གོ་མ་ཆོདཔ་ངེས་བདེན་ར་ཨིན་པ་ཅིན་ དེ་ལས་དབུ་འཕང་མཐོ་བའི་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཆོས་རྒྱུགས་ནང་ཡང་ བཅའ་མར་གཏོགས་མ་ཆོགཔ་སྦེ་ བཟོ་དགོཔ་འདུག། དེ་ནང་ལུནི་ བཅའ་མར་གཏོགས་ཆོགཔ་སྦེ་ ཡོད་པའི་ཁར་ ལ་ལོ་ཅིག་གིས་ སློབ་རིམ་༡༠ པ་དང་༡༢ པ་གཉིས་ཆ་རའི་ནང་ བརྒྱ་ཆ་༦༠ མ་ཐོབ་པར་ཡོད་རུང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཆོས་རྒྱུགས་ནང་ མཐར་འཁྱོལཝ་མ་ཚད་ སྐུགས་ཚད་མཐོ་དྲགས་སྦེ་ཐོབ་མི་ཡང་འདུག།
རྒྱུ་མཚན་དེ་ལུ་བརྟེན་ ངེས་བདེན་གྱི་ མཐོ་རིམ་ཤེས་ཚད་དེ་རང་ཡོད་པ་ཅིན་ ཆགས་སྡང་ཉེ་རིང་མ་ཕྱེ་བར་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཆོས་རྒྱུགས་བཟུམ་སྦེ་ར་ ག་ར་ལུ་ གཡོག་ག་ཅི་བཟུམ་ཅིག་ནང་ཨིན་རུང་ ཆོས་རྒྱུགས་ཀྱི་དོན་ལུ་ འདྲན་འདྲ་བཅའ་མར་གཏོགས་ནིའི་ དྲང་བདེན་གྱི་ ཁྲིམས་ལུགས་ཅིག་ ངེས་པར་དུ་ མཛད་གནང་ཟེར་ཞུ་ནི།
དེ་མིན་པ་ཅིན་ རྒྱལ་ཁབ་གཅིག་ནང་ ལམ་ལུགས་གཉིས་ཐོན་པའི་ཁར་ ཉམས་མྱོང་དང་ འབྲིང་རིམ་གྱི་ ཤེས་ཚད་ནང་སྐུགས་ཚད་བརྒྱ་ཆ་༦༠ མེད་པའི་ ཧད་བཏགས་ཚུ་གིས་ ལཱ་གཡོག་མེད་མི་ལུ་ གཡོག་མི་འཐོབ་ནི་དང་ ཡོད་མི་ལུ་ཆརཔ་ཡོད་སར་ ཆུ་དཔག་དོ་བཟུམ་འགྱོ་ནི་ཨིནམ་ལས་ གོང་ལུ་ཞུ་མི་ དཀའ་ངལ་གསུམ་འདི་ ཐོནམ་འཐོན་ས་ར་སྡོད་འོང་ཟེར་ཞུ་ནི།
དེ་འབད་ནི་དེ་གིས་ ན་གཞོན་ཚུ་ལུ་ གཡོག་བྱིན་ནིའི་ ཐུགས་བཞེད་ར་ གནང་པ་ཅིན་ ཉག་ཉོག་གི་ ཧད་བཏགས་ཚུ་ མ་བརྡུང་པར་ གཡོག་གི་ས་སྟོང་ཡོད་ཚད་གཅིགཔ་ནང་ བཅའ་མར་གཏོགས་ཆོག་པའི་ གོ་སྐབས་གནང་ནི་དང་ བརྟག་དཔྱད་ཆོས་རྒྱུགས་ཀྱི་ དྲི་བ་ཚུ་ཡང་ དོན་མེད་འབྲེལ་མེད་ཀྱི་ དྲི་བ་ཚུ་སྤངས་ཏེ་ དོན་དག་ཡོད་པའི་ དྲི་བའི་ཐོག་ལས་ ཆོས་རྒྱུགས་ལེན་ཏེ་ དྭངས་གསལ་ཅན་གྱི་ གྲུབ་འབྲས་ཅིག་ བཏོན་གནང་པ་ཅིན་ དང་པ་ར་ སྲིད་བྱུས་ཀྱི་ ངན་ལྷད་མི་ཞུགས་པའི་ ཕན་ཐོགས་ཡོད་མི་དང་ གཉིས་པ་ཟེརཝ་ད་ ཡོན་ཏན་ཅན་དང་ ལྕོགས་གྲུབ་ཅན་གྱི་ ལཱ་གཡོགཔ་ཡང་ཐོབ་སྟེ་ རྒྱལ་ཁབ་ཀྱི་ ཞབས་ཏོག་ལེགས་ཤོམ་ཞུ་ཚུགས་པའི་ཁར་ ན་གཞོན་ལཱ་གཡོག་མེད་པའི་ དཀའ་ངལ་བསལ་ཚུགསཔ་འགྱོ་འོང་ཟེར་ཞུ་ནི།
དེ་སྦེ་ ན་གཞོན་ལཱ་གཡོགཔ་མེད་པའི་ དཀའ་ངལ་བསལ་བའི་བསྒང་ལས་ དང་པ་ར་ གཞུང་ལུ་ ངན་ལྷད་མེད་པའི་བསྟོད་བསྔགས་དང་ གཉིས་པ་གོང་གི་དཀའ་ངལ་ལྷག་མ་གཉིསཔོ་དེ་ཡང་ བསལ་ནི་ལུ་ ཕན་ཐབས་སྦོམ་ཡོདཔ་མ་ཚད་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཉིན་མོའི་དཀྱིལ་འཁོར་འདི་ལུ་ ངན་ལྷད་ཀྱི་ སྒྲིབ་པ་ལས་གྲོལ་ཏེ་ བདེ་སྐྱིད་ཀྱི་དཔལ་ལུ་ ལོངས་སྤྱོད་ཚུགས་པའི་ ཕན་པ་ཚུ་ཡོད་ཟེར་ ཞུ་ནི་ཨིན།
དགེ་འདུན་དཔལ་བཟང་།
རྒྱལ་གཞུང་འཛིན་སྐྱོང་སློབ་སྡེ།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *