གཡོ་སྒྱུ་ཅན་ཚུ་གིས་ ཕེསི་བུག་གི་ རྩིས་ཁྲ་ཚུ་ ལག་ལེན་འཐབ་ཐོག་ལས་ མགུ་སྐོར་རྐྱབ་དོ་ཡོདཔ།

༉ གཡོ་སྒྱུ་རྐྱབ་མི་ཚུ་གིས་ མི་སྡེ་བརྡ་བརྒྱུད་ ཕེསི་བུག་ལག་ལེན་འཐབ་མི་ཚུ་ ཁོང་རའི་ ཆ་རོགས་ཨིནམ་སྦེ་ རྫུས་མ་བཟོ་སྟེ་ ཏི་རུ་ལྷང་དོ་ཡོདཔ་ཨིན་པས།

སྐྱེས་ལོ་༣༨ ལང་མི་ ཨམ་སྲུ་ཅིག་གིས་ ཐིམ་ཕུག་ཁྲིམས་སྲུང་འགག་སྡེ་ལུ་ གཡོ་འཕྲུལ་འབད་མི་ཅིག་གིས་ མོ་རའི་ ཕེསི་བུག་རྩིས་ཁྲ་བཟོ་སྟེ་ ཆ་རོགས་ཅིག་ལས་ ཏི་རུ་ལྷང་ཡོད་པའི་ ཉོགས་བཤད་བཙུགས་ནུག།

སྤྱི་ཟླ་༧ པའི་ཚེས་༩ ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ གཡོ་སྒྱུ་ལག་ལེན་འཐབ་ཡོདཔ་ལས་ ཨར་རྐུན་གྱི་ གནད་དོན་ཅིག་སྦེ་ ཐོ་བཀོད་འབད་ཡོདཔ་ད་ ཨམ་སྲུ་དང་འཁྲིལཝ་ད་ གཡོ་སྒྱུ་འཐབ་མི་དེ་གིས་ མོ་རའི་ ཆ་རོགས་ལུ་ གློ་བུར་གྱི་དོན་ལུ་ ཏི་རུ་དགོ་པའི་སྐོར་ཕེསི་བུག་ཐོག་ལས་ འཕྲིན་ཡིག་བཏང་ནུག་ཟེར་ཨིན་པས།

ཨམ་སྲུ་དེ་གི་ ཆ་རོགས་གསུམ་གྱིས་ མགུ་སྐོར་རྐྱབ་མི་ལུ་ དངུལ་ཀྲམ་བསྡོམས་༤༠,༠༠༠ བྱིན་ཡོདཔ་བཞིན་དུ་ བྱ་ངན་འཐབ་མི་གིས་ ཨམ་སྲུ་ཚུ་ལུ་ དངུལ་ཀྲམ་༡༠,༠༠༠ དང་ དངུལ་ཀྲམ་༡༥,༠༠༠ དེ་ལས་ དངུལ་ཀྲམ་༡༥,༠༠༠ རེ་དགོཔ་སྦེ་ སླབ་ནུག་ཟེར་ཨིན་པས།

གཡོ་སྒྱུ་རྐྱབ་མི་གིས་ མོ་རའི་ དངུལ་ཁང་གི་ ཨེམ་བཱོབ་དེ་ ལག་ལེན་འཐབ་མི་བཏུབ་པས་ཟེར་སླབ་སྟེ་ གང་ཟག་གསུམ་པའི་ རྩིས་ཁྲ་བྱིན་ཡོདཔ་བཞིན་དུ་ མོ་གིས་འབད་བ་ཅིན་ ཚོང་པ་ ཡང་ཅིན་ མོ་རའི་ ཆ་རོགས་ཀྱི་ རྩིས་ཁྲ་ཨང་གྲངས་ཨིནས་སྦེ་ སླབ་ནུག་ཟེར་ཨིན་པས།

ཉོགས་བཤད་བཙུགས་མི་གིས་ བདེན་དཔྱད་མ་འབད་བར་ ཆ་རོགས་ཨིནམ་འདྲས་མནོ་སྟེ་ ཏི་རུ་བརྗེ་སོར་འབད་ཡི་ཟེར་ བཤད་ཡོདཔ་ད་ གཡོ་སྒྱུ་རྐྱབ་མི་གིས་ མོ་རའི་ སྤུན་ཆ་ཅིག་ལས་ཡང་ ཏི་རུ་ལྷང་ནུག་ཟེར་ཨིན་པས།

ཨིན་རུང་ ཁོང་གིས་ བི་ཌིའོ་བརྒྱུད་འཕྲིན་ཐོག་ལས་ བདེན་དཔྱད་འབད་ནི་གི་ དཔའ་བཅམ་པའི་སྐབས་ གཡོ་སྒྱུ་རྐྱབ་མི་དེ་གིས་ བརྒྱུད་འཕྲིན་འཐུ་མ་བཏུབ་ལས་ མགུ་སྐོར་རྐྱབ་མི་འོང་ནི་མས་ཟེར་མནོ་སྟེ་ ཏི་རུ་བཙུགས་ནི་ལས་ བཤོལ་བཞག་ཅི་ཟེར་ ཉོགས་བཤད་བཀོད་མི་གིས་ བཤདཔ་ཨིན་པས།

ཉོགས་བཤད་བཀོད་མི་དང་འཁྲིལཝ་ད་ ཆ་རོགས་ཅིག་གིས་ མོ་རའི་རྩིས་ཁྲ་ནང་ ཏི་རུ་བཙུགས་པའི་སྐོར་ལས་ བརྒྱུད་འཕྲིན་ལྷོད་པའི་ཤུལ་ལས་ གནད་དོན་དེ་ ཤེས་རྟོགས་བྱུང་ཡོདཔ་ད་ དེ་བསྒང་ལས་ མགུ་སྐོར་རྐྱབ་མི་དེ་གིས་ མོ་རའི་ ཆ་རོགས་ལེ་ཤ་ཅིག་ལུ་ འཕྲིན་ཡིག་ཚུ་ བཏང་ཚར་ཏེ་ཡོདཔ་ཨིན་པས།

ཨམ་སྲུ་དེ་གིས་ དེ་འཕྲོ་ལས་ ཁྲིམས་སྲུང་འགག་པ་ལུ་ ཉོགས་བཤད་བཙུགས་པའི་ཁར་ དངུལ་ཁང་ལུ་ བརྒྱུད་འཕྲིན་བཏང་ཡོདཔ་ཨིན་པས།

ཨམ་སྲུ་གིས་ སླབ་མིའི་ནང་ གནད་དོན་དེ་ ཞིབ་དཔྱད་འབད་མ་ཚར་ཚུན་ རྩིས་ཁྲ་དེ་ ལག་ལེན་འཐབ་མ་བཏུབ་ བཟོ་དགོཔ་སྦེ་ དངུལ་ཁང་ལུ་ ཞུ་བ་འབད་ཡོད་རུང་ དངུལ་ཁང་གིས་འབད་བ་ཅིན་ ཁྲིམས་འདུན་ལས་ བཀའ་རྒྱ་མ་ལྷོད་ཚུན་ ཞུ་བ་ལུ་ ངོས་ལེན་འབད་མི་ཚུགས་ཟེར་ཨིན་པས།

མོ་གིས་འབད་བ་ཅིན་ འཕྲལ་ཁམས་ཅིག་ཁར་ དངུལ་ཁང་ཚུ་ནང་ འཕྲུལ་རིག་དང་འབྲེལ་བའི་ སྟབས་མ་བདེཝ་ཐོནམ་ད་ གཡོ་སྒྱུ་རྐྱབ་མི་ཚུ་གིས་ ཁེ་ཕན་ལེན་ཏེ་ བྱ་ངན་གྱི་ ལཱ་ཚུ་འབད་ནུག་ཟེར་ཨིན་པས།

དངུལ་ཁང་ལུ་ གང་ཟག་༣ པའི་ ཁ་གསལ་ཚུ་དགོཔ་སྦེ་ ཞུ་བ་འབད་ཡོད་རུང་ དངུལ་ཁང་གིས་ བརྗེ་སོར་འབད་མ་བཏུབ་ཟེར་ ཉམས་རྒུདཔ་ཨམ་སྲུ་གིས་ བཤད་པའི་ཁར་ གལ་སྲིད་ དངུལ་ཁང་དང་ ཁྲིམས་སྲུང་འགག་པ་གིས་ རྒྱབ་སྐྱོར་འབད་བ་ཅིན་ ཏི་རུ་ལོག་འཐོབ་ཚུགས་ནི་མས་ཟེར་ བཤདཔ་ཨིན་པས།

མོ་གིས་ སླབ་མིའི་ནང་ ཁྲིམས་སྲུང་འགག་པ་ལུ་ ཉོགས་བཤད་ཡི་གུ་ སྤྱི་ཟླ་༧ པའི་ཚེས་༨ ལུ་ བཙུགས་ཡོད་རུང་ ཡི་གུ་དེ་ རེས་གཟའ་མིག་དམར་ལུ་ ཁྲིམས་ཀྱི་འདུས་སར་ མ་ཕུལ་བས་ཟེར་ཨིན་པས།

དངུལ་ཁང་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཉོགས་བཤད་ཡི་གུ་༥ དེ་ཅིག་ལྷོད་རུང་ ཁྲིམས་ཀྱི་འདུན་ས་ལས་ བཀའ་རྒྱ་མེདཔ་ལས་ ཁ་གསལ་བརྗེ་སོར་དང་ རྩིས་ཁྲ་ཚུ་ ལག་ལེན་འཐབ་མ་བཏུབ་ བཟོ་མི་ཚུགས་ཟེར་ཨིན་པས།

ཨིན་རུང་ དངུལ་ཁང་གི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ བརྡ་དོན་ཐོབ་པའི་ཤུལ་ལས་ རྩིས་ཁྲ་ཨང་དང་ ཏི་རུ་བརྗེ་སོར་འབད་མི་ཚུ་ ལྟ་རྟོག་འབད་འོང་ཟེར་ཨིན་པས།

མི་ཚུ་གིས་ ཏི་རུ་དེ་ བརྗེ་སོར་དང་ མ་བཙུགས་པའི་ཧེ་མར་ བརྒྱུད་འཕྲིན་བཏང་ཐོག་ལས་ བདེན་དཔྱད་འབད་དགོཔ་དེ་ ཁག་ཆེ་ཟེར་ དངུལ་ཁང་གི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།

ད་རེས་ གནད་དོན་དེ་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་བསྒང་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *