ཆར་ཆུ་ལུ་བརྟེན་དགོ་མི་ འཕང་ཡུལ་རྒེད་འོག་གི་ ཆུ་ཞིང་ཚུ།

གཡུས་ཚན་༢ མ་འཆམ་མི་ལུ་བརྟེན་ ཆུ་ཞིང་ཨེ་ཀར་སྟོང་ཕྲག་ལས་བཅད་དེ་ སྟོངམ་ལུས་ཡོདཔ།

༉ ལོ་བསྟར་བཞིན་དུ་ དབང་འདུས་ཕོ་བྲང་ ཕངས་ཡུལ་རྒེད་འོག་གི་ མི་ཚུ་གིས་ ལྕང་ལཱ་རྐྱབ་ནིའི་དོན་ལས་ ཆར་ཆུ་ལུ་ རེ་དགོ་དོ་ཡོདཔ་ད་ གལ་སྲིད་ ཆརཔ་དུས་ཚོད་ཁར་ མ་རྐྱབ་པ་ཅིན་ ཆུ་ཞིང་ཨེ་ཀར་སྟོང་ཕྲག་ལས་བཅད་དེ་ སྟོངམ་ལུས་དོ་ཡོདཔ་ཨིན་པས།
རྒེད་འོག་གི་ ཁྱིམ་གུང་༣༠༥ དེ་གིས་ ལྕང་ལཱ་དེ་ ཆརཔ་ལུ་བརྟེན་ རྐྱབ་དོ་ཡོད་མི་དེ་ཡང་ རྒེད་འོག་གི་དོན་ལུ་ ཞིང་ཆུ་མེད་ནི་དེ་གིས་ཨིནམ་ད་ ཆརཔ་མེད་པ་ཅིན་ འབྱ་ལཱ་འབད་ནིའི་གོ་སྐབས་ རྩ་ལས་མེདཔ་ཨིན་པས།
དགོན་ཁ་གཡུས་ཚན་ལས་ སྐྱེས་ལོ་༥༩ ལང་གི་ བཀྲིས་རྡོ་རྗེ་གིས་ སླབ་མིའི་ནང་ ལོ་བསྟར་བཞིན་དུ་ ལྕང་ལཱའི་སྐབས་ ཆརཔ་ལུ་བསྒུག་དགོཔ་ཐོན་མི་ལུ་བལྟ་སྟེ་ དབུགས་འགམ་མས་ཟེར་ཨིནམ་ད་ གལ་སྲིད་ གཞུང་གིས་ ཞིང་ཆུ་ཅིག་ བཏོན་གནང་པ་ཅིན་ འབྱ་ལཱ་རྐྱབ་ནི་ལུ་ཡང་ སྤྲོ་བ་ཐེབས་བསྐྱེད་ནིའི་ གོ་སྐབས་འདུག་ཟེར་ཨིན་པས།
བཀྲིས་རྡོ་རྗེ་གིས་འབད་བ་ཅིན་ དུས་ཅི་ ཆརཔ་དུས་ཚོད་ཁར་ རྐྱབ་མ་བཏུབ་ནི་དེ་གིས་ ལྕངམ་མང་ཤོས་ཅིག་ར་ བསྐམས་སོ་ཡི་ཟེར་ཨིནམ་ད་ ཆརཔ་དེ་ ལྕང་ལཱའི་དོན་ལུ་ མེད་ཐབས་མེདཔ་ཅིག་འབདཝ་ལས་ ལོ་བསྟར་བཞིན་དུ་ ཆརཔ་དུས་ཚོད་ཁར་ རྐྱབ་བཅུག་ཅིག་ཟེར་ སྨོན་ལམ་བཏབ་དོ་ཟེར་ཨིན་པས།
ལོ་བསྟར་བཞིན་དུ་ རྒེད་འོག་དེ་ནང་ ཆུ་ཞིང་ཨེ་ཀར་༡,༠༠༠ དེ་ཅིག་ སྟོངམ་སྦེ་ལུས་དོ་ཡོདཔ་ད་ ཞིང་ཆུ་ཡོད་པ་ཅིན་ རེད་མེ་ཊིག་ཊཱོན་༡,༦༢༧ དེ་ཅིག་ ཐོན་སྐྱེད་འབད་ཚུགས་ནི་ཨིན་པས།
ཞིང་ཆུ་མེད་པའི་གནད་དོན།
ཕང་སཡུལ་རྒེད་འོག་ནང་ ཞིང་ཆུ་མེད་པའི་ དཀའ་ངལ་སེལ་ནིའི་དོན་ལུ་ གཞུང་གིས་ སྦས་ཆུ་ཟེར་ རྒེད་འོག་གི་ གཡོན་ཁ་ཐུག་ལས་འབབ་མི་ རོང་ཆུ་དེ་ འཐེན་ནིའི་ དཔའ་བཅམ་རུང་ གྲུབ་འབྲས་བཏོན་མ་ཚུགས་མི་དེ་ ཀ་བཞི་རྒེད་འོག་གི་ མི་ཚུ་གིས་ རོང་ཆུ་འཐེན་ནིའི་དོན་ལུ་ གནང་བ་མ་བྱིན་ནི་དེ་གིས་ཨིན་པས།
དེ་ཡང་ རོང་ཆུ་དེ་ ཀ་བཞི་རྒེད་འོག་བརྒྱུད་དེ་ བཏོན་དགོ་ནི་དེ་གིས་ ཀ་བཞི་རྒེད་འོག་གི་ མི་ཚུ་གིས་ རོང་ཆུ་འཐེན་ནིའི་དོན་ལུ་ ཉོགས་མེད་ཡིག་གུ་ སྤྲོད་མ་བཏུབ་པ་ཡོདཔ་ད་ སྦས་ཆུ་དེ་ ཕངས་ཡུལ་རྒེད་འོག་ལས་ ཀི་ལོ་མི་ཊར་༢༥ དེ་ཅིག་གི་ ས་ཁོངས་ནང་འདུག།
རོང་ཆུ་དེ་ འཐེན་ནིའི་དོན་ལུ་ འཆར་གཞི་༡༠ པ་ལས་ར་ མ་དངུལ་ དངུལ་ཀྲམ་ས་ཡ་༨༤ བཞག་ཡོདཔ་ཨིན་རུང་ ཉོགས་མེད་ཡིག་གུ་ ཐོབ་མ་ཚུགས་མི་དེ་ཡང་ ཀ་བཞི་རྒེད་འོག་གི་ མཁོ་མ་ཐང་དང་ ཀ་བཞི་གཡུས་ཚན་གྱི་ མི་ཚུ་གིས་འབད་བ་ཅིན་ ཞིང་ཆུའི་གཡུར་བ་དེ་ བཟའ་སྤྱོད་འབད་བའི་ས་ཁོངས་བརྒྱུད་དེ་ འཐེན་པའི་སྐབས་ ཁོང་གི་ཞིང་ཚུ་ ལེ་ཤ་ཅིག་ར་ མེདཔ་གཏང་ནི་མས་ཟེར་ཨིན་པས།
གནད་དོན་དེའི་ཐོག་ལུ་ དབང་འདུས་རྫོང་ཁག་བདག་སྐྱོང་གིས་ མཐུན་འགྲིག་འབད་ནིའི་ དཔའ་བཅམ་རུང་ འབད་མ་ཚུགས་ནི་དེ་གིས་ གཞུང་ལྟེ་བ་དང་ ཆེ་མཐོའི་ཡིག་ཚང་ཅིག་གིས་ཡང་ བར་འཛུལ་འབད་དེ་ སྦས་ཆུ་འཐེན་ནིའི་དཔའ་བཅམ་རུང་ གྲུབ་འབྲས་བཏོན་མ་ཚུགས་པས།
སྐབས་ཅིག་ལས་ གནད་དོན་དེའི་ཐོག་ལུ་ ད་རུང་ བསྟུན་གྲོས་འབད་བའི་སྐབས་ ཀ་བཞི་གི་མི་ཚུ་གིས་ ཕངས་ཡུལ་རྒེད་འོག་ལས་ ས་ཚབ་དགོ་ཟེར་ཨིནམ་མ་ཚད་ སྦས་ཆུ་འཐེན་པའི་སྐབས་ བརྒྱ་ཆ་༥༠ དེ་ཅིག་ཡང་ ཁོང་དགོ་ཟེར་མི་ལུ་ ཕངས་ཡུལ་གྱི་མི་ཚུ་གིས་ ངོས་ལེན་འབད་མ་བཏུབ་ནི་དེ་གིས་ དཀའ་ངལ་དེ་ ད་ལྟོའི་བར་ན་ཡང་ སེལ་མ་ཚུགས་པར་ དེ་སྦེ་ར་ ལུས་ནུག།
འབྲེལ་ཡོད་འགོ་ཁྲིདཔ་ཚུ་གིས་ སླབ་མིའི་ནང་ དཀའ་ངལ་དེ་ རྒེད་འོག་བདག་སྐྱོང་གི་ གནས་ཚད་ནང་ སེལ་ཐབས་མེདཔ་ལས་ གཞུང་ལྟེ་བ་གིས་ བར་འཛུལ་འབད་རུང་ ད་ལྟོ་ དེ་སྦེ་ར་ ལུས་དོ་ཟེར་ཨིནམ་ལས་ ཚ་གྱང་ལངམ་མས་ཟེར་ཨིན་པས།
སོ་ནམ་བློན་པོ་ ཡེ་ཤེས་རྡོ་རྗེ་གིས་ གསུངས་མིའི་ནང་ རྒེད་འོག་༢ ཀྱི་བར་ན་ བྱ་སྟབས་མ་བདེཝ་ཡོད་མི་དེ་ སེལ་ནིའི་དོན་ལུ་ བློན་པོ་ཁོ་ར་བྱོན་རུང་ སེལ་མ་ཚུགས་ནི་དེ་གིས་ ག་ཅི་འབད་ནི་ཨིན་ན་ཡང་ ཧ་གོ་མ་ཚུགས་ཟེར་ཨིན་པས།
བློན་པོ་གིས་འབད་བ་ཅིན་ མ་གཞི་ འབྲུག་གི་ཆུའི་བཅའ་ཁྲིམས་དང་འཁྲིལ་བ་ཅིན་ ཆུ་མེད་སའི་གཡུས་སྒོ་ཚུ་ནང་ ཆུ་ཡོད་ས་ལས་ བགོ་བཤའ་རྐྱབ་བྱིན་དགོ་ཟེར་ཡོད་རུང་ མི་ཚུ་གིས་ དང་ཕུའི་ ལུགས་སྲོལ་བཟུང་སྡོད་དེ་ ཉན་མི་བཏུབ་པས་ཟེར་ཨིན་པས།
མ་གཞི་ སྦས་ཆུ་དེ་ འཐེན་ཚུགས་པ་ཅིན་ ཕངས་ཡུལ་རྒེད་འོག་གི་ ཞིང་ཆུ་དང་ འཐུང་ཆུ་༢ ཆ་རའི་ དཀའ་ངལ་སེལ་ནིའི་ གོ་སྐབས་ཡོད་རུང་ ཀ་བཞིའི་མི་ཚུ་གིས་ གནང་བ་མ་བྱིན་པ་ཅིན་ དཀའ་ངལ་སེལ་ཚུགས་པའི་ གོ་སྐབས་མེདཔ་མི་དེ་ཡང་ འབྲེལ་ཡོད་ལས་སྡེ་ཚུ་གིས་ ཆུའི་བཅའ་ཁྲིམས་དེ་ ཚུལ་མཐུནམ་སྦེ་ བསྟར་སྤྱོད་འབད་མ་ཚུགས་མི་ལུ་བརྟེན་ ཨིན་པའི་གནས་ཚུལ།
གནས་ཚུལ་དེ་ འབྲུག་བརྡ་བརྒྱུད་མཐུན་ཚོགས་ཀྱི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ བསྡུ་ལེན་འབད་ཡོདཔ་ཨིན།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

About admin

Check Also

མདའ་རྩེད་དེ་ སྲོས་ཀྱི་མི་སེར་ཚུ་གི་དོན་ལུ་ སྤྲོ་སྟོན་འབད་ནིའི་ དུས་ཚོད་ཅིག་ཨིནམ།

༉ ལ་གོང་གསུམ་གྱི་ མི་སེར་ཚུ་གི་དོན་ལུ་ ཕམ་སྤུན་ཆ་འཛོམས་ཏེ་ སྤྲོ་བ་སྟོན་ནིའི་ དུས་ཚོད་བཟང་པོ་ཅིག་ མདའ་རྩེད་འགྲན་བསྡུར་འབད་ནི་དེ་ཨིན་པས། དེ་འབདཝ་ལས་ ཁ་ཙ་ ཐིམ་ཕུག་སྲོས་རྒེད་འོག་ནང་ ཁཝ་འགོ་དང་པ་རྐྱབ་ཡོདཔ་ལས་ གྱང་ཤུགས་ཆེ་བའི་ཁར་ ཆརཔ་གིས་སྦང་རུང་ མདའ་རྩེདཔ་ཚུ་ལུ་ ཧེང་སྐལ་ར་ …

Leave a Reply

Your email address will not be published. Required fields are marked *