སོ་ནམ་པ་ཚུ་གིས་ ཐོན་སྐྱེད་འབད་མི་ ཚོད་བསྲེ།

གཡུས་མི་ཚུ་གིས་ སློབ་གྲྭ་ལྟེ་བའི་ནང་ ཚོད་བསྲེ་བཀྲམ་སྤེལ་ཐོག་ལས་ འོང་འབབ་བཟོ་དོ་ཡོདཔ།

ལྷུན་རྩེ་བཟུམ་མའི་ ཁྲོམ་ཆུང་ཀུ་ནང་ མི་རློབས་ཡང་ ཉུང་སུ་ཅིག་ལས་མེད་མི་ལུ་བརྟེན་ སོ་ནམ་པ་ཚུ་གིས་ སོ་ནམ་གྱི་ལཱ་འབད་རུང་ ཐོན་སྐྱེད་ཚུ་བཙོང་སའི་ ས་ཁོངས་མེད་པའི་ གདོང་ལེན་བྱུང་སྟེ་འདུག།

ཨིན་རུང་ སྒང་ཟུར་རྒེད་འོག་ སྔར་གཡུས་ཚན་གྱི་ སོ་ནམ་པ་ཚུ་གིས་ ཚོད་བསྲེ་བཙོང་ནིའི་དོན་ལུ་ གཏན་འཇགས་ཚོང་མགྲོན་པ་ ཐོབ་ཡོདཔ་ཨིན་པས།

དེ་ཡང་ ཚོད་བསྲེའི་རིགས་ཚུ་ ལྷུན་རྩེ་འབྲིང་རིམ་སློབ་གྲྭ་བར་མའི་ནང་ བཙོང་ཚུགས་ནི་དེ་གིས་ ལཱ་ཁག་སྦེ་ ཁྲོམ་ཁར་འགྱོ་མ་དགོཔ་ཨིན་པས།

སློབ་གྲྭ་དེ་གིས་ ཧེ་མ་འབད་བ་ཅིན་ ཚོད་བསྲེ་བཀྲམ་སྤེལ་འབད་ནིའི་དོན་ལུ་ རིན་བསྡུར་འབད་དེ་ ལེན་དོ་ཡོདཔ་ཨིན་རུང་ ལོ་དག་པ་ཅིག་གི་ཧེ་མ་ལས་ བཀྲམ་སྤེལ་འབད་མི་དེ་གིས་ དུས་ཚོད་ཁར་ བཀྲམ་ནི་མེདཔ་ལས་ ཉེ་འདབས་ཀྱི་ གཡུས་མི་ཚུ་ལས་ ལེན་ནི་འགོ་བཙུགས་ཡོདཔ་ཨིན་པས།

སློབ་གྲྭའི་མཛོད་གཉེར་ སངས་རྒྱས་རྡོ་རྗེ་གིས་ བཤད་མིའི་ནང་ སློབ་གྲྭ་ནང་ ལྟོ་ཐོབ་སློབ་ཕྲུག་༢༩༥ དེ་ཅིག་ཡོདཔ་ལས་ སྔར་གྱི་གཡུས་མི་ཚུ་གིས་ བདུན་ཕྲག་རེ་ནང་ ཚར་རེ་ ཚོད་བསྲེ་བཙོང་པར་ འོང་ནི་ཡོད་ཟེར་ཨིན་པས།

དེ་མིན་ སློབ་གྲྭ་གིས་ ཚོད་བསྲེ་དགོ་པའི་སྐབས་ གཡུས་མི་ཚུ་ལུ་ བརྒྱུད་འཕྲིན་བཏང་དོ་ཡོདཔ་ད་ ཚོད་བསྲེའི་གོང་ཚད་ཡང་ གཡུས་མི་སྡེ་ཚན་བཟོ་མི་དང་ སློབ་གྲྭའི་བདག་སྐྱོང་གིས་ གྲོས་བསྟུན་འབད་དེ་ བཟོ་དོ་ཡོདཔ་ཨིན་པས།

སློབ་གྲྭ་གིས་ ཀེ་བ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༠ དང་ ཧོན་ཚོད་ཆགཔ་རེ་ལུ་ དངུལ་ཀྲམ་༢༠ བོ་རོ་ཀ་ལི་ ཀེ་ཇི་རེ་ལུ་དངུལ་ཀྲམ་༣༠ དེ་ལས་ སྲནམ་ཅུམ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༣༠ རེ་སྦེ་ ཉོ་དོ་ཡོདཔ་ཨིན་པས།

མཛོད་གཉེར་གྱིས་ སླབ་མིའི་ནང་ སློབ་གྲྭ་གིས་ འཕྲལ་འཕྲལ་སྐབས་ གཡུས་མི་གཞན་ཚུ་གིས་ ཁྲོམ་ཁར་ བཙོང་མ་ཚུགས་པར་ འབག་འོང་མི་ཚུ་ཡང་ ལེགས་ཤོམ་ཡོད་པ་ཅིན་ ཉོ་ནི་ཡོད་ཟེར་ཨིན་པས།

སངས་རྒྱས་རྡོ་རྗེ་གིས་ སླབ་མིའི་ནང་ གཡུས་མི་སྡེ་ཚན་ལས་ཉོ་བའི་སྐབས་ ཚོད་བསྲེ་ལེགས་ཤོམ་ཐོབ་ཚུགསཔ་མ་ཚད་ ཨ་ལོ་ཚུ་གི་དོན་ལུ་འབད་རུང་ དེ་འཕྲོ་ལས་ བཏོག་འབག་འོང་མི་ཚུ་ ཚོད་བསྲེ་གསརཔ་ཚུ་ བཟའ་ནིའི་གོ་སྐབས་ བྱིན་ཚུགས་པས་ཟེར་ཨིན་པས།

སྔར་གཡུས་ཚན་ལས་ སྐྱེས་ལོ་༣༩ ལང་མི་ ཉི་མ་རྡོ་རྗེ་གིས་ བཤད་མིའི་ནང་ ཁོ་གིས་ ཚོད་བསྲེ་བཙོང་སྟེ་ ཟླཝ་རེ་ནང་ དངུལ་ཀྲམ་༥༠,༠༠ དང་༦,༠༠༠ གི་བར་ན་ འཐོབ་ཚུགས་པས་ཟེར་ཨིནམ་ད་ དེ་གིས་ ཁོ་རའི་ ཨ་ལོ་ཚུ་གི་དོན་ལུ་ ཟད་འགྲོ་གཏང་ཚུགས་པས་ཟེར་ཨིན་པས།

སྐྱེས་ལོ་༥༩ ལང་མི་ རྡོ་རྗེ་དབང་འདུས་ཀྱིས་ སླབ་མིའི་ནང་ སློབ་གྲྭ་ནང་ བཙོང་ནིའི་དོན་ལུ་ ས་ཆ་གླང་དོ་༡ ནང་ ཀེ་བ་བཙུགས་ཏེ་ཡོད་ཟེར་ཨིནམ་ད་ ད་ལྟོ་འབད་བ་ཅིན་ ཁོ་གི་ལྡུམ་ར་ནང་ལས་ ཚོད་བསྲེ་ཀོ་པི་བཙོང་ནི་ འགོ་བཙུགས་ཏེ་ཡོད་ཟེར་ཨིན་པས།

སོ་ནམ་སྡེ་ཚན་གཞན་གྱི་ འཐུས་མི་ཚུ་གིས་ སླབ་མིའི་ནང་ ལྷུན་རྩེ་ཁྲོམ་ཁར་ ཚོད་བསྲེ་ཉོ་མི་ གངམ་མེདཔ་ལས་ འཕྲལ་འཕྲལ་སྐབས་ ལཱ་ཁག་སྦེ་ ཁྲོམ་ཁར་འབག་འགྱོ་རུང་ ཉོ་མི་མེདཔ་ལས་ ལོག་འབག་འགྱོ་དགོཔ་ ཐོནམ་མས་ཟེར་ཨིནམ་ད་ ཨིན་རུང་ འདས་པའི་ལོ་༣ དེ་ཅིག་ལས་ཚུར་ ཚོད་བསྲེ་བཙོང་མ་ཚུགས་པའི་ གདོང་ལེན་སྦོམ་ཅིག་ མ་ཐོན་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *