མོང་སྒར་རྒེད་འོག་མི་སྡེའི་འགོ་ཁྲིདཔ་དང་ མི་སེར་ཚུ་གིས་ བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་ ཕེབས་བསུ་ཞུ་བའི་བསྒང་།

གཡུས་ཕྱོགས་སོ་སོའི་ནང་ འཆམ་རྐྱབ་མི་ཚུ་ལུ་ གཞུང་ལས་ དངུལ་ཕོགས་སྤྲོད་ཐབས་མེདཔ།

༉ ད་ལྟོ་ མོང་སྒར་རྫོང་ཁག་གི་ རྒེད་འོག་ཚུ་ནང་ མི་སེར་ཚུ་དང་ མཇལ་ཕྲད་གནང་པའི་བསྒང་ཡོད་མི་ བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་ལུ་ མི་སེར་ཚུ་ལས་ ལམ་སྲོལ་ཉམས་སྲུང་དང་ འཆམ་རྐྱབ་མི་ཚུ་གི་དངུལ་ཕོགས་ གློག་རྒྱུན་ར་བའི་མཐུན་རྐྱེན་ གློག་མེ་སྤྱོད་འཐུས་ དགོངས་ཡངས་གནང་དགོ་པའི་སྐོར་ ཞུ་བ་ཚུ་ཕུལ་ཡི།
དེ་ཡང་ ཙ་ཀ་གླིང་རྒེད་འོག་ བསམ་གཏན་ཆོས་གླིང་སྒོམ་སྡེའི་འཆམ་དཔོན་ སྐྱེས་ལོ་༣༥ ལང་མི་ པདྨ་གིས་ དང་ཕུ་ལས་ རྐྱབ་སྲོལ་ཡོད་པའི་ བྱིན་ཅན་གྱི་ སྐུ་འཆམ་ཚུ་ ད་རེས་ནངས་པར་ ཉམས་སྲུང་འབད་ནི་ལུ་ དོ་འགྲན་བྱུང་སྟེ་ཡོདཔ་ལས་ འཆམ་རྐྱབ་མི་ཚུ་ལུ་ ཟླ་རིམ་གྱི་དངུལ་ཕོགས་ གཞུང་ལས་ གནང་ཐབས་ཡོད་པ་ཅིན་ དྲག་ནི་མས་ཟེར་ བློན་ཆེན་ལུ་ཞུ་ཡི།
འཆམ་དཔོན་པདྨ་གིས་ འབད་བ་ཅིན་ སྒོམ་སྡེ་དེ་གི་ འཆམ་རྐྱབ་མི་ སྒོམ་ཆེན་ཚུ་ལུ་ རྒེད་འོག་དང་ མི་སེར་ལས་ ཐོབ་ལམ་ག་ནི་ཡང་མེད་རུང་ ལྷ་ཁང་དེ་ནང་ ཟླ་རིམ་གྱི་ ཚེས་བཅུ་དང་ འབུམ་སྡེ་ དེ་ལས་ ལོ་བསྟར་གྱི་ ཚེས་བཅུའི་གར་འཆམ་ནང་ འབྲེལ་གཏོགས་འབད་དགོཔ་མ་ཚད་ བཀའ་འགྱུར་དག་ཚར་ལྷག་དགོཔ་ལས་ བཟའ་ཚང་དང་ སློབ་གྲྭ་ནང་འགྱོ་མི་ ཨ་ལོ་ཚུ་ལུ་ ཟད་འགྲོ་བཏང་མ་ཚུགས་པའི་ དཀའ་ངལ་ཡོད་ཟེར་ཨིན་པས།
ཕམ་གཞན་གྱི་ ཨ་ལོ་ཚུ་ སློབ་གྲྭ་ནང་ བཏང་ཚུགས་པའི་སྐབས་ འཆམ་རྐྱབ་མི་དང་ སྒོམ་ཆེན་ཚུ་གིས་ ཟད་འགྲོ་འདྲན་འདྲ་བཏང་མ་ཚུགསཔ་ད་ སློབ་གྲྭ་ནང་ལས་ བཏོན་བཞག་དགོ་པའི་ གདོང་ལེན་ཚུ་ བྱུང་སྟེ་ཡོད་ཟེར་ ཁོ་གིས་ ཞུ་ཡི།
བློན་ཆེན་གྱིས་ རང་སོའི་གཡུས་ཕྱོགས་དང་ ལུང་ཕྱོགས་ གཡུས་ཚན་ཚུ་ནང་ རྐྱབ་སྲོལ་ཡོད་པའི་ ཚེས་བཅུའི་གར་འཆམ་ཚུ་ བྱིན་ཅན་དང་ རྩ་ཅན་ག་དེ་ཅིག་ཡོད་རུང་ ཉམས་སྲུང་འབད་ནི་ལུ་ དཀའ་ངལ་ཡོདཔ་སྦེ་ སྙན་ཞུ་ལྷོད་དེ་ཡོད་ཟེར་ གསུངས་ཡི།
ཙ་ཀ་གླིང་སྒོམ་སྡེའི་ འཆམ་རྐྱབ་མི་ཚུ་གི་དོན་ལུ་ དངུལ་ཕོགས་གནང་པ་ཅིན་ གཡུས་ཕྱོགས་གཞན་སོ་སོའི་ནང་ཡང་ ཅོག་འཐདཔ་སྦེ་ གནང་དགོཔ་འཐོན་ནི་ཨིནམ་ལས་ གཞུང་གིས་ དངུལ་ཕོགས་གནང་ཐབས་མེད་རུང་ རྫོང་བདག་ལུ་ ཞིབ་དཔྱད་འབད་བཅུག་འོང་ཟེར་ བློན་ཆེན་གྱིས་ གསུངས་ཡི།
ཚོགས་པ་རྡོ་རྗེ་གིས་འབད་བ་ཅིན་ དམངས་ཀྱི་ལྷ་ཁང་ནང་ ཟླ་རིམ་གྱི་ ཚེས་བཅུ་ལ་སོགས་པའི་ ཆོས་ཕྱོགས་ལས་རིམ་ ལེ་ཤ་འགོ་འདྲེན་འཐབ་པའི་སྐབས་ གློག་མེ་སྤྱོད་འཐུས་མངམ་ ཐོན་མི་དེ་ སྤྲོད་ནིའི་དོན་ལུ་ མི་སེར་ཚུ་ལས་ དངུལ་བསྡུ་ལེན་འབདཝ་ད་ སྟབས་མ་བདེཝ་ བྱུང་མི་ལུ་བརྟེན་ གཞུང་གིས་ སྤྱོད་འཐུས་དགོངས་ཡངས་གནང་དགོཔ་འདུག་ཟེར་ཨིན་པས།
བློན་ཆེན་གྱིས་ དམངས་ཀྱི་ལྷ་ཁང་ནང་ ལས་རིམ་སྣ་ཚོགས་ འགོ་འདྲེན་འཐབ་པའི་སྐབས་ གློག་མེ་སྤྱོད་འཐུས་དེ་ ད་ལྟོ་ཚུན་ ཡུ་ནིཌ་༡༠༠ ལུ་ རིན་མེད་སྟོང་པར་ གནང་མི་དེ་ལས་ཡང་ མངམ་སྦེ་ཐོན་དོ་ཡོདཔ་ལས་ ཞིབ་དཔྱད་གནང་འོང་ཟེར་གསུངས་ཡི།
སོ་ནམ་པ་ བསོད་ནམས་ལྷ་སྒྲོན་གྱིས་ མོ་རའི་ སྤྱི་འོག་དེ་ མཐའ་ཟུར་ལུ་ ཆགས་ཡོདཔ་ལས་ སོ་ནམ་པ་ཚུ་གིས་ དོ་འགྲན་འབད་དེ་ འཛུགས་སྐྱོང་འབད་མི་ གེ་ཟ་ཚུ་ བསྡུ་ནི་རན་པའི་སྐབས་ རི་དྭགས་སེམས་ཅན་གྱིས་ གནོདཔ་བཀལ་དོ་ཡོདཔ་ལས་ གློག་ཐག་ར་བ་ གནང་དགོ་པའི་ ཞུ་བ་ཕུལ་ཡི།
བློན་ཆེན་དང་ ཕྱག་ཞུ་སྟེ་བྱོན་མི་ ཚོགས་དཔོན་འཇིགས་མེད་བཟང་པོ་གིས་ གསུངས་མིའི་ནང་ རྫོང་ཁག་གི་ སྨོན་ལམ་ཆེན་མོ་འགོ་འདྲེན་འཐབ་པའི་སྐབས་ གཞུང་དང་མི་སེར་ལས་ ཞལ་འདེབས་དུམ་གྲ་རེ་ བསྡུ་ལེན་འབད་དེ་ ད་རེས་ནངས་པར་ དངུལ་ཀྲམ་ས་ཡ་༡༠ ལྷགཔ་ཅིག་ གསོག་འཇོག་འབད་དེ་ཡོདཔ་བཟུམ་སྦེ་ ཙ་ཀ་གླིང་སྒོམ་སྡེའི་དོན་ལུ་ དངུལ་ཀྲམ་ས་ཡ་༡ དེ་ཅིག་ ཐིམ་ཕུག་དང་ རྫོང་ཁག་གཞན་ཚུ་ནང་ བཞུགས་མི་ལས་ ཞལ་འདེབས་བསྡུ་ལེན་འབད་མི་དེ་ འཕྲལ་མགྱོགས་ར་ གནང་འོང་ཟེར་ཨིན་པས།
ཕམ་ཉམ་ཆུང་གི་ ཨ་ལོ་ཚུ་ སློབ་གྲྭ་ནང་ གཏང་ཚུགས་ནིའི་དོན་ལུ་ གཞུང་ལས་ རིན་མེད་སྟོང་པ་སྦེ་ ཤེས་ཡོན་སྤྲོད་ཐབས་ལུ་ སྐྱིད་བདེ་མཁར་སློབ་གྲྭ་ལྟེ་བ་དང་ ཡ་ལྡི་སློབ་གྲྭ་ལྟེ་བ་ གཞི་བཙུགས་ཏེ་ཡོདཔ་ལས་ སློབ་ཕྲུག་ཚུ་ལུ་ གདན་མལ་ཆ་ལས་འགོ་བཟུང་ སློབ་གྲྭའི་སྒྲིག་གོ་དང་ ཨོམ་སོ་ ལྷམ་ དོརམ་ ཁེན་ཇར་ ཐ་ལི་ཚུ་ གནང་དོ་ཡོདཔ་ལས་ མི་སེར་གྱི་ཧོངས་ལས་ ཟད་འགྲོ་བཏང་དགོཔ་མེད་ཟེར་ ཚོགས་དཔོན་གྱིས་གསུངས་ཡི།
ཆ་གླིང་རྒེད་འོག་གི་ མི་སེར་ཚུ་ལུ་ བློན་ཆེན་གྱིས་ གསུངས་མིའི་ནང་ སོ་ནམ་ཚོང་ཁང་ཅིག་ ཟླཝ་འདི་གི་ ཚེས་༡༥ ལུ་ སྒོ་འབྱེད་འབད་ནི་ཨིནམ་ལས་ མི་སེར་ཚུ་གིས་ སོ་ནམ་ཚོང་ཁང་ལས་ ཅ་ལ་ཚུ་ མཁོ་སྒྲུབ་འབད་ནི་རྐྱངམ་གཅིག་མེན་པར་ གཡུས་ཁར་ཐོན་སྐྱེད་འབད་མི་ སོ་ནམ་ཐོན་སྐྱེད་ཚུ་ཡང་ ཚོང་ཁང་དེ་ལུ་བཙོང་ཐོག་ རང་མགོ་རང་འདྲོངས་བཟོ་དགོ་ཟེར་ཨིན་པས།
དེ་ལས་ མོང་སྒར་རྒེད་འོག་ནང་ ཁྲོམ་རྒྱ་བསྐྱེད་དང་ མི་འབོར་ཡར་འཕར་འགྱོ་མི་ལུ་བརྟེན་ འཐུང་ཆུའི་དཀའ་ངལ་ཡོད་མི་དེ་ སེལ་ཐབས་ལུ་ གཞུང་གིས་ ཆུ་མཛོད་ཁང་༢ རྐྱབ་ནིའི་དོན་ལུ་ མ་དངུལ་འབོར་ཆེ་ཏོག་ཏོ་སྦེ་ གནང་སྟེ་ཡོད་ཟེར་ བློན་ཆེན་གྱིས་ གསུངས་ཡི།
ད་རུང་ བློན་ཆེན་གྱིས་ ཚེ་སྲོག་ཉེན་བཅོལ་དེ་ དངུལ་ཀྲམ་༡༥,༠༠༠ ལས་ དངུལ་ཀྲམ་༣༠,༠༠༠ གུ་ ཡར་སེང་གནང་སྟེ་ཡོད་ཟེར་ གསུངས་ཡོདཔ་ད་ བློན་ཆེན་གྱིས་ ཙ་ཀ་གླིང་དང་ ཆ་གླིང་ མོང་སྒར་རྒེད་འོག་༣ ནང་ སྤྱི་ཟླ་༦ པའི་ཚེས་༣༠ ལུ་ གཟིགས་སྐོར་གནང་ཡི།
སྤྱི་ཟླ་༧ པའི་ཚེས་༡ ལུ་ བློན་ཆེན་གྱིས་ སྐྱེངས་མཁར་དང་ འགྱུར་མེད་རྒེད་འོག་༢ ཀྱི་ མི་སེར་ཚུ་དང་ མཇལ་ཕྲད་གནང་ཡོདཔ་མ་ཚད་ ཁ་ཙ་ སྔ་ཚང་དང་ ལྕགས་སི་མཁར་ ཐང་རོང་རྒེད་འོག་ཚུ་ནང་ གཟིགས་སྐོར་གནང་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

ཆུ་ཁ་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོར་བཏོན་ཡོདཔ།

༉ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་ རྒྱལ་ཁབ་དང་མི་སེར་ལུ་ དགོས་མཁོ་ཡོད་མེད་དང་ ཕན་ཐོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ནི་ལུ་ …

Leave a Reply

Your email address will not be published. Required fields are marked *