གཡུས་ཁའི་ལྷ་ཁང་གི་ དཀོན་གཉེར་ཅིག་ལུ་ གཟིག་གིས་ རྨ་སྐྱོན་བཏོན་ཡོདཔ།

༉ སྤྱི་ཟླ་༧ པའི་ཚེས་༡༢ ཀྱི་དྲོ་པར་ བསམ་གྲུབ་ལྗོངས་མཁར་ལུ་ གཟིག་གིས་ གནོདཔ་བཀལ་མི་ལུ་བརྟེན་ སྐྱེས་ལོ་༦༨ ལང་མི་ ཕོ་སྐྱེས་ཅིག་གི་ མགུ་ཏོ་གུ་ རྨ་སྐྱོན་ལེ་ཤ་བྱུང་ཡོདཔ་ཨིན་པས།

རྐྱེན་ངན་དེ་ཡང་ ཨོ་རོང་རྒེད་འོག་ ནག་ཟོར་གཡུས་ཚན་ནང་ དྲོ་པའི་ཆུ་ཚོད་༥ དེ་ཅིག་ཁར་ བྱུང་ཡོདཔ་ད་ ཉམས་རྒུདཔ་ཕོ་སྐྱེས་དེ་ ད་ལྟོ་ བསམ་གྲུབ་ལྗོངས་མཁར་སྨན་ཁང་ནང་ སྨན་བཅོས་འབད་བའི་བསྒང་ཡོདཔ་ཨིན་པས།

ཕོ་སྐྱེས་དེ་ གཡུས་ཁའི་ལྷ་ཁང་གི་ དཀོན་གཉེར་འབད་ནི་དེ་གིས་ ལྷ་ཁང་ནང་ ཡོན་ཆབ་ཕུལ་བར་ འགྱོ་བའི་ལམ་ཁར་ གཟིག་དང་ཕྱད་ཡོདཔ་ད་ ལྷ་ཁང་དེ་ གཡུས་ཚན་ལས་ ཀི་ལོ་མི་ཊར་༡ ལྷགཔ་ཅིག་གི་ ས་ཁར་ཡོདཔ་ད་ བྱུང་རྐྱེན་སྐབས་ ཁོ་ར་རྐྱངམ་གཅིག་ སྡོད་ཡོདཔ་ཨིན་པས།

གནས་ཚུལ་འབྱུང་ཁུངས་ཚུ་དང་འཁྲིལཝ་ད་ དཀོན་གཉེར་དེ་ གཟུགས་ཁ་ལས་ པདཔ་ཚུ་བཀོག་བའི་སྐབས་ རྒྱབ་ཁ་ལས་ གཟིག་གིས་ གནོདཔ་བཀལ་ནུག་ཟེར་ཨིནམ་ད་ ཁོ་གིས་ གཟིག་དེ་ ལམ་གྱི་འོག་ལུ་ འཕུལ་བཀོག་བའི་ཤུལ་ལས་ བྱོག་ཐལ་ཡོདཔ་ཨིན་པས།

གནས་ཚུལ་དང་འཁྲིལཝ་ད་ ཕོ་སྐྱེས་དེ་གིས་ ལོག་གཡུས་ཁར་སོང་སྟེ་ ཁྱིམ་གྱི་འོག་ལུ་ལྷོདཔ་ད་ ཁོ་ལུ་ གཟིག་གིས་ གནོདཔ་བཀལ་ཡོདཔ་ལས་ ཆ་རོགས་འབད་བར་ཤོག་ཟེར་ ཁོ་རའི་བུ་དང་ སྤུན་ཆ་ཚུ་ འབོ་བའི་ཤུལ་ལུ་ ཨོ་རོང་གཞི་རྟེན་སྨན་ཁང་ནང་ བསྐྱལ་ནུག་ཟེར་ཨིན་པས།

ཨོ་རོང་གཞི་རྟེན་སྨན་ཁང་གི་ གསོ་བའི་འགོ་དཔོན་ཚུ་དང་འཁྲིལཝ་ད་ ཕོ་སྐྱེས་དེ་གི་ མགུ་ཏོ་གུ་ རྨ་སྐྱོན་ལེ་ཤ་བྱུང་ཡོདཔ་ལས་ ཁག་༤༠ དེ་ཅིག་ བཙེམ་དགོཔ་ཐོན་པའི་ཤུལ་ལས་ ཕོ་སྐྱེས་དེ་ བསམ་གྲུབ་ལྗོངས་མཁར་སྨན་ཁང་ནང་ བཏང་ཡོདཔ་ཨིན་པས།

ནགས་ཚལ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ད་རེས་ གནམ་གཤིས་འགྱུར་བགྲོད་དང་བསྟུན་ རི་དྭགས་སེམས་ཅན་ཚུ་ རྒྱུན་འགྲུལ་འཐབ་དོ་ཡོདཔ་ལས་ མི་ཚུ་གིས་འབད་རུང་ དྲན་ཤེས་བཏོན་དགོཔ་དེ་ ཁག་ཆེ་ཟེར་ཨིནམ་ད་ རྐྱེན་ངན་དེ་ གཡུས་ཚན་ནང་ འགོ་དང་པ་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *