གཡག་སྤུ་སྒང་གཡུས་ཚན།

གཡག་སྤུ་སྒང་གི་མི་ཚུ་གིས་ སྡེ་ཚན་བཟོ་སྟེ་ ནུབ་མོ་ལྟ་རྟོག་འབད་ནི་ འགོ་བཙུགས་ཡོདཔ།

༉ མོང་སྒར་གཡག་སྤུ་སྒང་གི་ མི་ཚུ་གིས་ ཨོལ་ལྐོག་བཏོགས་མིའི་འཐོར་གཏམ་ དར་ཁྱབ་སོང་མིའི་ གནད་དོན་ཐོག་ལུ་ ན་གཞོན་བུཚ་༢ འཛིན་བཟུང་འབད་དེ་ ཁྲིམས་སྲུང་འགག་པ་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་རུང་ ལོག་གཡུས་ཁར་བཏང་བའི་སྐོར་ལས་ མི་སྡེ་བརྡ་བརྒྱུད་ཚུ་ནང་ ཁ་ཉེས་བཀལ་ཡོདཔ་ལས་ ད་ལྟོ་ ལྟ་རྟོག་འབད་བའི་བསྒང་འདུག།
འཕྲལ་ཁམས་ཅིག་ཁར་ ཤར་ཕྱོགས་ཁ་ཐུག་ལུ་ ཨོལ་ལྐོག་བཏོགས་མིའི་འཐོར་གཏམ་ དར་ཁྱབ་སོང་བའི་ཤུལ་ གཡུས་ཚན་ཚུ་ནང་ གནམ་ནུབ་མོ་ སྒོ་དང་སྒོ་ཅུང་ཚུ་ དཀྲོགས་དོ་ཡོདཔ་མ་ཚད་ ཁྱིམ་ཚུ་གུ་ རྡོ་རྐྱབ་སྟེ་ ནུབ་མོ་ཞག་ཉལ་མ་བཅུག་པར་ ཟླཝ་ལྷགཔ་ཅིག་ལང་ཡོདཔ་ལས་ ཉིནམ་དག་པ་ཅིག་གི་ཧེ་མར་ གཡུས་ཁའི་ཕོ་སྐྱེས་ཚུ་གིས་ གཅིག་ཁར་འཛོམས་ཞིནམ་ལས་ ནུབ་མོ་ལྟ་རྟོག་འབད་བར་སོང་ནུག།
མི་སྡེ་བརྡ་བརྒྱུད་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ཕོ་སྐྱེས་ཚུ་གིས་ ཁྱིམ་ཚུ་ནང་སོང་སྟེ་ ཕོ་སྐྱེས་དང་ ན་གཞོན་བུཚ་ཚུ་ ཡོད་མེད་དྲི་དཔྱད་འབད་དེ་ ཁྱིམ་ཅིག་ནང་ལྷོདཔ་ད་ ནང་གི་ཨམ་གིས་ སྒོ་ཕྱེ་མ་བཏུབ་པའི་མཐའ་མར་ ན་གཞོན་བུཚ་༢ ཕྱི་ཁར་འོང་ནི་འདུག་ཟེར་ཨིན་པས།
ན་གཞོན་བུཚ་༢ བདའ་ཟུན་པའི་ཤུལ་ལས་ དྲི་དཔྱད་འབདཝ་ད་ ཁོང་༢ སྤ་རོ་རྫོང་ཁག་ནང་ ལཱ་འབད་བར་ སོང་བའི་ཤུལ་ལུ་ ལོག་གཡུས་ཁར་ལྷོད་དེ་ ཟླཝ་ལྷགཔ་ཅིག་ ཁྱིམ་ཐོག་གཤམ་བར་ནང་ གཡིབ་སྡོདཔ་མ་ཚད་ ཐ་ན་ ཆབ་གསང་ཡང་ གྱིབ་དམ་ཚུ་ནང་ བཏང་དགོཔ་བྱུང་ནུག་ཟེར་ཨིན་པས།
གཡུས་ཁར་ སྟབས་མ་བདེཝ་བཟོ་མི་དེ་ ན་གཞོན་༢ ཀྱིས་ འབད་ཡོད་པའི་དོགས་པ་ལུ་བརྟེན་ དེ་ཚེ་ནུབ་མོ་ར་ ཁྲིམས་སྲུང་འགག་པ་ལུ་ རྩིས་སྤྲོད་འབད་ཡོད་རུང་ ལོག་བཏང་མི་དེ་ལུ་ བསམ་པ་མ་རྫོགས་ཟེར་ཨིན་པས།
གལ་སྲིད་ ཨོལ་ལྐོག་བཏོགས་མི་ཨིན་པ་ཅིན་ གཞུང་གིས་ཡང་ དག་མེད་སྦེ་བཞག་ཡོདཔ་ལས་ ད་ལས་ཕར་ མི་སེར་ཚུ་ རང་གི་ཚེ་འདི་ རང་གིས་ར་ བདག་འཛིན་འཐབ་དགོཔ་འདུག་ཟེར་ མི་སྡེ་བརྡ་བརྒྱུད་ཚུ་ནང་ བཀོད་ནུག།
དེ་འབདཝ་ལས་ ད་རེས་ནངས་པར་ གཡག་སྤུ་སྒང་དང་ བྱ་འབབ་ སྟོང་ཤིང་ དེ་ལས་ ཝེང་མཁར་གྱི་གཡུས་མི་ ཕོ་སྐྱེས་ཚུ་གིས་ སྐོར་རྒྱབ་སྦེ་ ནུབ་མོ་ལྟ་རྟོག་འབད་ནི་ འགོ་བཙུགས་ཏེ་འདུག།
གཡག་སྤུ་སྒང་ལས་ སྐྱེས་ལོ་༤༣ ལང་མི་ ཕོ་སྐྱེས་ཅིག་གིས་ སླབ་མིའི་ནང་ ཨོལ་ལྐོག་བཏོགས་མིའི་འཐོར་གཏམ་ ཁྱབ་སྤེལ་སོང་བའི་ཤུལ་ལུ་ གཡུས་ཚན་ཚུ་ནང་ སྒོ་དང་སྒོ་ཅུང་དཀྲོགས་ནི་དང་ བྱ་ངན་ཚུ་འབད་དོ་ ཡོདཔ་ལས་ ཕོ་སྐྱེས་༣༥ ལྷགཔ་ཅིག་གིས་ ལྟ་རྟོག་འབད་བའི་སྐབས་ ནུབ་མོ་གཡིབ་སྡོད་མི་ ན་གཞོན་བུཚ་༢ འཛིན་བཟུང་འབད་ཡི་ཟེར་ཨིན་པས།
སྐྱེས་ལོ་༢༠ ལང་མི་ བུཚ་དེ་གི་ཨའི་གིས་ དེ་སྦེ་ བཞེས་སྒོ་ཚུ་བྱིན་ཏེ་ ཉིན་མར་ གཤམ་བར་ནང་ ཟླཝ་ལྷག་ཅིག་ གསང་བའི་ཐོག་ བཞག་དགོ་པའི་གནད་དོན་ག་ཅི་ཨིན་ན་ སྤྱིར་བཏང་ མི་སེར་ཚུ་གིས་ ཧ་གོ་ནི་དང་ དམིགས་བསལ་དུ་ སྤྱི་འོག་དེ་གི་མི་སེར་ཚུ་གིས་ ཤེས་ཚུགསཔ་བཟོ་ནི་ལུ་ རྒེད་འོག་གི་རྒཔོ་དང་ ཚོགས་པ་ཚུ་ བརྒྱུད་དེ་ ཁྲིམས་སྲུང་འགག་པ་ལུ་ རྩིས་སྤྲོད་འབད་ཡི་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་མི་ བུཚ་༢ དོ་དམ་འོག་ལུ་ བདུན་ཕྲག་༡ གི་རིང་ བཞག་སྟེ་འབད་བ་ཅིན་ གཡུས་ཁ་ལུ་ བྱ་ངན་འབད་མི་ གཞན་ཡོད་མེད་ཤེས་ནི་ཨིན་རུང་ དོ་དམ་ནང་ ཞག་༡ བཞག་སྟེ་བཏང་ཡོདཔ་ད་ དེ་ཚེ་ནུབ་མོ་ ཝེང་མཁར་གཡུས་ཚན་གྱི་ ཁྱིམ་ཅིག་ནང་ དཀྲོགས་ནི་འགོ་བཙུགས་ཡི་ཟེར་ གཡུས་མི་ཚུ་གིས་ སླབ་ཨིན་པས།
སྐྱེས་ལོ་༤༡ ལང་མི་ ཨམ་སྲུ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ནུབ་མོ་ཞག་ཉལ་མ་བཅུག་མི་ མི་ངན་ཚུ་གིས་ གཡུས་ཁ་ལུ་ ཕོ་སྐྱེས་ཡོད་མེད་ཤེས་པས་ཟེར་ཨིནམ་ད་ ད་ལྟོ་ཚུན་དཀྲོགས་མི་ཁྱིམ་ཚུ་ ཕོ་རྐྱང་མོ་རྐྱང་སྡོད་མི་དང་ ལྕོགས་གྲུབ་མེད་མི་རྒན་རྒས་ དེ་ལས་ ཕོ་སྐྱེས་མེད་པར་ ཨམ་སྲུ་དང་ཨ་ལོ་ཚུ་ སྡོད་པའི་སྐབས་ དཀྲོགས་མི་ལུ་ལྟཝ་ད་ བྱ་ངན་འབད་མི་དེ་ གཡུས་ཁ་ལས་ར་ འོང་ནི་བཟུམ་ཅིག་འདུག་ཟེར་ ཨིན་པས།
གལ་སྲིད་ སྒོ་དང་སྒོ་ཅུང་ཚུ་ནང་ལས་ འཛུལ་འོང་པ་ཅིན་ མདའ་རྐྱབ་ནི་དང་ གྱི་གསོབ་བྱིན་ནི་སྦེ་ གྲ་སྒྲིག་ཡོད་ཟེར་ གཡུས་མི་ཚུ་གིས་ སླབ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *