༉ སྤྱི་ཟླ་༦ པའི་ཚེས་༢༣ ལུ་ གུ་རུ་རིན་པོ་ཆེའི་ འཁྲུངས་སྐར་དུས་ཆེན་དང་བསྟུན་ གཡག་སྒང་གསང་སྔགས་ཆོས་གླིང་ ལྷ་ཁང་ནང་ ཐུགས་རྗེ་ཆེན་པོ་མུན་སེལ་སྒྲོན་མེ་གི་ མཐོང་གྲོལ་དེ་ ལོ་ངོ་༡༠༠ གི་ཤུལ་ལས་ ད་རེས་ མི་མང་ལུ་ འགོ་དང་པ་ མཇལ་ཁ་གནང་ཡི།
གཏེར་སྟོན་པདྨ་གླིང་པ་གིས་ ཕྱག་བཟོ་ཨིན་མི་ སྒོར་གླང་ངམ་ ཐབ་ཆས་བྱིན་ཅན་དེ་ཡང་ མཇལ་ཁ་གནང་ཡོདཔ་ད་ ངག་རྒྱུན་ལོ་རྒྱུས་དང་འཁྲིལ་བ་ཅིན་ གཏེར་སྟོན་པདྨ་གླིང་པའི་ གསོལ་ཚོགས་དེ་ སྒོར་གླང་ནང་འབད་དེ་ བུམ་ཐང་པའི་ ཁུ་ལི་བཞེས་ཡོདཔ་སྦེ་ ཆ་བཞགཔ་ཨིན་པས།
མི་ཚུ་གིས་ སྒོར་གླང་ལས་ བཞེས་སྒོའི་རིགས་ བྱིན་རླབས་སྦེ་ ཞུ་ཚུགས་པ་ཅིན་ ངན་སོང་གསུམ་གྱི་ སྡུག་བསྔལ་ལས་གྲོལ་ཚུགས་དོ་ཡོདཔ་ལས་ ཁུ་ལི་བཟོ་འབག་འོང་མི་ཚུ་ མི་མང་ལུ་བྱིན་ཡི།
ཉིནམ་དེ་ནང་ གུ་རུ་མཚན་བརྒྱད་ཀྱི་ སྐུ་འཆམ་ཚུ་ མཇལ་ཁ་གནང་ཡོདཔ་མ་མ་ཚད་ ནང་རྟེན་ཚུ་ཡང་ གཏེར་སྟོན་པདྨ་གླིང་པ་གིས་ བུམ་ཐང་སྟང་མེ་འབར་མཚོ་ལས་ གཏེར་བཞེས་གནང་མི་ སྟོན་པའི་སྐུ་འདྲ་དང་ པདྨ་གླིང་པའི་ཕྱག་བཟོ་ཕུརཔ་ ནམ་མཁའི་དབྱིངས་ལས་འཕུར་བྱོན་མི་ སྤྱན་རས་གཟིགས་ཀྱི་སྐུ་འདྲ་ པད་གླིང་བླ་བརྒྱུད་ཚུ་གི་སྲུང་གའུ་ བྱམས་མགོན་དང་ རྗེ་བཙུན་སྒྲོལ་མའི་སྐུ་འདྲ་ སངས་རྒྱས་ཚེ་དཔག་མེད་ཀྱི་སྐུ་འདྲ་ གུ་རུ་རིན་པོ་ཆེའི་ ལྗགས་ཚིལ་གྱི་རིང་བསྲེལ་ ཨ་ཞེ་སྣང་སའི་རིང་བསྲེལ་ རྟ་མཆོག་བྷ་ལ་ཧའི་ མཆེཝ་ཆ་གཅིག་ ཀླུའི་རྒྱལ་པོ་ བྷ་སུ་རྟའི་ཐོདཔ་ དེ་ལས་ སེརཝ་བཅོམ་ཚུགས་པའི་ དུང་དཀར་ཚུ་ མཇལ་ཁ་གནང་ཡི།
གཡག་སྒང་སློབ་དཔོན་ཅིག་གིས་ སླབ་མིའི་ནང་ རིང་ཚད་ཕིཊ་༡༠ དང་ རྒྱ་ཚད་ཕིཌ་༧ འབད་མི་ ཐུགས་རྗེ་ཆེན་པོ་མུན་སེལ་སྒྲོན་མེ་མཐོང་གྲོལ་དེ་ ལོ་རྒྱུས་དང་འཁྲིལ་བ་ཅིན་ དང་ཕུ་ལས་ མི་མང་ལུ་ མཇལ་ཁ་ མ་གནང་པར་ ནང་རྟེན་སྦེ་བཞག་ཡོདཔ་ལས་ ག་གིས་བཞེངས་ཡོདཔ་ཨིན་ན་དང་ ག་ཅི་སྦེ་ མཇལ་ཁ་མ་གནངམ་ཨིན་ན་ཤེས་མི་ ག་ཡང་མིན་འདུག་ཟེར་ཨིན་པས།
གཡག་སྒང་ལྷ་ཁང་དེ་ མོང་སྒར་ཁྲོམ་ཁ་ལས་ ཀི་ལོ་མི་ཊར་༦ དེ་ཅིག་གི་ ས་གནས་ཁར་ ཆགས་ཡོདཔ་ད་ ཐོག་ཚད་༢ འབད་མི་ ལྷ་ཁང་གི་ ནང་རྟེན་ཚུ་གི་གྲས་ལས་ འོག་ཐོག་ལུ་ དུས་གསུམ་སངས་རྒྱས་དང་ མཆོད་རྟེན་རྣམ་བརྒྱད་ ནོར་ལྷ་ མགོན་པོ་ཚེ་དཔག་མེད་ རྒྱལཔོ་ཧ་ཤང་ དེ་ལས་ གཏེར་སྟོན་པདྨ་གླིང་པའི་ སྐུ་འདྲ་ཚུ་ཡོདཔ་ད་ སྟེང་ཐོག་ལུ་འབད་བ་ཅིན་ དཔལ་ལྡན་ལྷ་མོའི་ མགོན་ཁང་ཨིན་པས།
ནང་རྟེན་ཚུ་ཡང་ ལོ་བསྟར་བཞིན་དུ་ རང་ཟླ་༥ པའི་ཚེས་༡༠ ལུ་ མ་གཏོགས་ མཇལ་ཁ་གནང་ནི་མེདཔ་ཨིན་པའི་གནས་ཚུལ།
མོང་སྒར་ལས་ བཀྲིས་ཕུན་ཚོགས།