༉ སྤྱི་ཟླ་༨ པའི་ཚེས་༢༥ ལུ་ ཕུན་ཚོགས་གླིང་ རྒྱལ་འཛིན་གཞུང་སྐྱོང་དང་ ཐབས་རིག་སྤེལ་ཁང་ནང་ རེས་གཟའ་སྤེན་པའི་ གྲོས་གནས་ཐེངས་༢༡ པའི་ནང་ སིངྒ་པུར་ལས་ ཌོག་ཊར་ཨང་པཱོན་ལེཊ་གིས་ གཟུགས་ཁམས་འཕྲོད་བསྟེན་ སྒྲིང་སྒྲི་ཐོག་ མི་ཚེ་རིངམོ་སྦེ་སྡོད་པའི་ ཐབས་ལམ་དྲག་ཤོས་༨ ཀྱི་སྐོར་ལས་ གསལ་བཤད་འབད་ཡི།
དེ་ཡང་ སིངྒ་པུར་ཐོམ་སོན་སྨན་བཅོས་ལྟེ་བའི་ནང་ ཐོམ་སོན་ཨ་ལོའི་ནད་ཀྱི་ མཁས་མཆོག་སྡེ་ཚན་ གཞི་བཙུགས་འབད་མི་དང་ ཁྲི་འཛིན་ཨིན་མི་ ཨ་ལོའི་དྲུང་འཚོ་ ཨང་པཱོན་གྱིས་ མིའི་ཚེ་ཚད་ལུ་ བར་ཆད་རྐྱབ་མི་ རྒྱུ་རྐྱེན་གཙོ་བོ་ འཚོ་བའི་གནས་སྟངས་དང་འབྲེལ་བའི་ ནད་གཞི་ལུ་ གཙོ་བོར་བཟུང་སྟེ་ གསལ་བཤད་འབད་ཡི།
རུས་ཚིགས་ནད་དང་ གུ་རམ་ནད་ ནད་གཞི་ཀེན་སར་ལ་སོགས་པ་ཚུ་ འཚོ་སྐྱོང་དང་འབྲེལ་བའི་ ནད་གཞི་ཨིནམ་ལས་ དེ་གི་སྐོར་ ད་རེས་ནངས་པའི་ དུས་ཚོད་དང་འཁྲིལ་ ཤེས་རྟོགས་འབྱུང་དགོཔ་དེ་ གལ་ཆེ་ཟེར་ཨིན་པས།
འདི་བཟུམ་མའི་ ནད་གཞི་ཚུ་ ལོ་ན་རྒས་མི་དང་ ཡང་ཅིན་ གློ་བུར་དུ་ཐོབ་པའི་ ནད་རིགས་མེན་ཟེར་ སྐྱེས་ལོ་༧༣ ལང་མི་ ཌོག་ཊར་ཨང་པཱོན་གྱིས་ བཤད་པའི་ཁར་ འཚོ་སྐྱོང་དང་འབྲེལ་བའི་ ནད་གཞི་ཚུ་ རང་སོའི་འཚོ་སྐྱོང་གི་ གདམ་ཁ་རྐྱབ་མི་ལས་ཐོབ་པའི་ དེང་སང་གི་ ནད་རིགས་ཨིན་ཟེར་བཤད་ཅི།
འཚོ་བའི་གནས་སྟངས་ཀྱི་ ནད་གཞི་ཐོབ་མི་ལུ་བརྟེན་ སིངྒ་པུར་ལུ་ སྨན་ཁང་མངམ་སྦེ་ གཞི་བཙུགས་འབདཝ་ཨིན་རུང་ འཚོ་བའི་གནས་སྟངས་དང་འབྲེལ་བའི་ ནད་གཞི་ངོས་འཛིན་འབད་མི་ ནདཔ་ཚུ་བཞག་སའི་ སྨན་ཁང་ཚུ་གིས་ ལང་མི་ཚུགས་ཟེར་བཤད་ཅི།
ཁོ་གིས་ བཤད་མིའི་ནང་ ད་རེས་ནངས་པར་ སིངྒ་པུར་ལུ་ མི་བསད་མི་ ནད་གཞི་ཚུ་གི་གྲས་ལས་ ཀེན་སར་དེ་ ཨང་དང་པ་ཨིནམ་བཞིན་དུ་ འབྲུག་ལུ་ ཀེན་སར་ཐོབ་མིའི་ གྱངས་ཁ་མཐོ་ཤོས་མེད་རུང་ མཐའན་མཇུག་ལུ་ ཉེན་ཅན་ཅིག་ལུ་ འགྱུར་འོང་ཟེར་ཨིན་པས།
ད་རེས་ནངས་པར་ མི་བརྒྱ་ཆ་༡༠ རྐྱངམ་གཅིག་ ལོ་ན་རྒས་མི་ལུ་བརྟེན་ ཤི་དོ་ཡོདཔ་ཨིན་རུང་ བརྒྱ་ཆ་༩༠ དེ་ ཡུན་རིང་གི་ ནད་གཞི་ཐོབ་མི་ལུ་བརྟེན་ ཤི་དོ་ཡོདཔ་སྦེ་ སིངྒ་པུར་གྱི་ ཌོག་ཊར་གྱིས་ བཤདཔ་ཨིན་པས།
དེ་འབདཝ་ལས་ མི་ཚུ་གིས་ སྔོན་འགོག་གི་ ཐབས་ཤེས་ཚུ་ལུ་ དང་ལེན་འབད་བ་ཅིན་ གཞུང་དང་ མི་མང་གཉིས་ཆ་ར་ལུ་ ཟད་འགྲོ་ཉུང་སུ་ཅིག་ལས་བརྒལ་གཏང་དགོཔ་ མི་འཐོན་ནི་ཨིནམ་ལས་ རྩ་ཕན་གཉིས་ཆ་ར་ དགའ་སྐྱིད་ངང་ལུ་ གནས་ནི་དང་ གཟུགས་ཁམས་སྒྲིང་སྒྲི་ཐོག་ ཚེ་རིངམོ་སྦེ་ སྡོད་ཚུགས་ཟེར་ ཌོག་ཊར་ཨང་པཱོན་གྱིས་ བསླབ་བྱ་བྱིན་ཡི།
དེ་ལས་ མིའི་ཚེ་ཚད་ལོ་བརྒྱ་ལས་ལྷག་སྟེ་ སྡོད་ནི་གི་ ཐབས་ལམ་དྲག་ཤོས་ར་ ལུས་སྦྱོང་འབད་ནི་དེ་ གཙོ་རིམ་དང་པ་ཨིན་ཟེར་ གསལ་བཤད་འབད་བའི་ཁར་ འཚོ་བའི་གནས་སྟངས་ཀྱི་ ནད་གཞི་དང་ ཚེ་ཚད་ཀྱི་ཐད་ལུ་ མི་ཚུ་གིས་ བཞེས་སྒོ་ཟཝ་ད་ ན་འཐན་བལྟ་ཞིནམ་ལས་ ཟ་དགོ་ཟེར་ཨིན་པས།
གཟུགས་ཁམས་ལུ་གནོད་པའི་ བཞེས་སྒོ་ཟ་བ་ཅིན་ ཉམས་རྒྱགས་ནི་དང་ གུ་རམ་གྱི་ནད་ལ་སོགས་པ་ཐོབ་སྟེ་ མི་ཚེ་ཐུང་ཀུ་བཟོཝ་ཨིན་པས།
ཨིན་རུང་ འབྲུག་ལུ་ ནགས་ཚལ་གྱི་ཁྱབ་ཚད་དང་ ཉིམ་བརྒྱ་ཆ་༡༠༠ ཕོག་མི་ དེ་ལས་ བཙོག་རླུང་མེད་པར་ བུང་གཏོང་ལེན་འབད་ཚུགསཔ་ལས་ མི་ཚུ་ གཟུགས་ཁམས་སྒྲིང་སྒྲི་ཐོག་ མི་ཚེ་ཡུན་རིངམོ་སྦེ་ སྡོད་ནི་གི་ གོ་སྐབས་འདུག་ཟེར་ ཌོག་ཊར་ཨང་པཱོན་གྱིས་ བཤད་ཅི།
གསལ་བཤད་སྐབས་ལུ་ རྒྱལ་འཛིན་གཞུང་སྐྱོང་དང་ ཐབས་རིག་སྤེལ་ཁང་ནང་ འབྲུག་ཕྱི་རྒྱལ་ཞབས་ཏོག་ལས་རིམ་གྱི་ སློབ་སྦྱོ་འབད་མི་ སྡེ་ཚན་དང་པ་གིས་ བཅའ་མར་གཏོགས་ཡོདཔ་མ་ཚད་ ནང་སྲིད་བློན་པོ་ ཟླ་བ་རྒྱལ་མཚན་དང་ བརྒྱུད་འབྲེལ་བློན་པོ་ ཌེ་ཨེན་དུང་གཱེལ་ དེ་ལས་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ གྲལ་གཏོགས་འབད་ཡོད་པའི་གནས་ཚུལ།
ཕུན་ཚོགས་གླིང་ལས་ རིག་འཛིན་དབང་ཕྱུག།