གཟུགས་ཁམས་འཕྲོད་བསྟེན་སྒྲིང་སྒྲི་སྦེ་ བཞག་ནིའི་ཐབས་ལམ་ལེགས་ལྡན།

༉ སང་ཕོད་སྤྱི་ཟླ་༦ པ་ལས་ ཞི་གཡོགཔ་ཆ་མཉམ་ར་ ལོ་བསྟར་བཞིན་དུ་ གསོ་བའི་བརྟག་དཔྱད་འབད་ནི་ཨིནམ་ལས་ ཞི་གཡོགཔ་ཚུ་ གཟུགས་ཁམས་འཕྲོད་བསྟེན་དང་ ལྡན་ཏོག་ཏོ་སྦེ་ བཞག་ནི་གི་ ཐབས་བྱུས་ལེགས་ཤོམ་ཅིག་ཨིན་མས།
ཐབས་ལམ་དེ་ཡང་ ན་ཧིང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ གསོ་བའི་ལྷན་ཁག་ལུ་ ཞི་གཡོགཔ་ཆ་མཉམ་ར་ ལོ་བསྟར་བཞིན་དུ་ གཟུགས་ཁམས་འཕྲོད་བསྟེན་བརྟག་ཞིབ་འབད་དགོ་པའི་སྐོར་ ཡིག་ཐོག་ལུ་ ཞུ་བ་འབད་མི་དང་འཁྲིལ་ ད་རེས་ནངས་པར་ འབྲེལ་ཡོད་ལས་སྡེ་༢ ཀྱི་བར་ན་ ལཱ་འབད་བའི་བསྒང་ཡོད་ཟེར་ཨིན་མས།
ཞི་གཡོག་ལྷན་ཚོགས་ཀྱིས་ འདི་བཟུམ་མའི་ ཐབས་ལམ་བཏོན་མི་དེ་ཡང་ ད་རེས་ནངས་པར་ འབུ་ནད་མིན་པའི་ ནད་གཞི་ཚུ་ལུ་བརྟེན་ གསོ་བ་ལུ་ གདོང་ལེན་སྦོམ་བྱུང་པའི་ ནམ་དུས་ལུ་ ཞི་གཡོགཔ་ཚུ་ཡང་ དུས་རྒྱུན་དུ་ རང་སོའི་གཟུགས་ཁམས་འཕྲོད་བསྟེན་ བརྟག་ཞིབ་འབད་བ་ཅིན་ རང་སོའི་ནད་གཞི་ཚུ་ ཧ་གོ་སྟེ་ འཚོ་བའི་གནས་སྟངས་དང་འབྲེལ་བའི་ ནད་གཞི་ཚུ་ལས་ སྔོན་འགོག་གི་ ཐབས་ལམ་བཏོན་ནི་ལུ་ ལྷན་ཐབས་འབྱུང་ནི་ཨིན་མས།
ལས་གཡོགཔ་མང་ཤོས་ཅིག་ར་ ཡིག་ཚང་ནང་ ལཱ་འབདཝ་མ་གཏོགས་ སྦུངས་ལཱ་འབད་དགོཔ་མེདཔ་ལས་ འཚོ་སྐྱོང་དང་འབྲེལ་བའི་ ནད་རིགས་ཚུ་ འཐོབ་ཉེན་ཡོད་པའི་ཁར་ སྤྱི་ལོ་༢༠༡༤ ལུ་ བརྟག་ཞིབ་ཅིག་འབདཝ་ད་ འབྲུག་གི་མི་འབོར་ཚུ་གི་གྲས་ལས་ སྐྱེས་ལོ་༡༨ དང་༦༩ གི་བར་ན་འབད་མི་ ན་གཞོན་ཚུ་ལུ་ འབུ་ནད་མེན་པའི་ ནད་གཞི་འཐོབ་ནི་གི་ ཉེན་ཁ་གསུམ་ལྟབ་ལྷགཔ་སྦེ་ཡོད་པའི་ ངོས་འཛིན་བྱུང་ནུག།
དེ་ཡང་ འབུ་ནད་མེན་པའི་ནད་རིགས་ དཔེར་ན་ ཆང་ལུ་བརྟེན་པའི་ མཆིན་ནད་དང་ ནད་གཞི་ཀེན་སར་ ཁྲག་ཤུགས་མཐོ་དྲགས་ དེ་ལས་ གུ་རམ་གྱི་ནད་ཐོབ་མི་ ཡར་འཕར་འགྱོ་དོ་ཡོདཔ་མ་ཚད་ ནད་གཞི་ཨེཌསི་གི་རྒྱུ་ ཨེཆ་ཨའེ་བི་ནད་འབུབ་དང་ སྨན་རིགས་ཀྱིས་ ནུས་པ་མེད་པའི་ བད་ཀན་ནད་ཐོབ་མི་ཡང་ མང་སུ་ཐོནམ་ཨིན་མས།
ད་རེས་ནངས་པར་ འབྲུག་ལུ་ ཆང་ལུ་བརྟེན་པའི་ མཆིན་ནད་ཀྱིས་ ཤི་རྐྱེན་བྱུང་མི་དེ་ འབུ་ནད་མེན་མི་ ནད་གཞི་ཚུ་གི་གྲས་ལས་ ཨང་དང་པ་ཨིན་མི་དེ་ཡང་ སྤྱི་ལོ་༢༠༡༢ ལུ་ ནད་གཞི་དེ་ལུ་བརྟེན་ མི་གྲངས་༡༤༠ ལུ་ ཤི་རྐྱེན་བྱུང་མི་དེ་ འདས་པའི་ལོ་ནང་༡༩༠ ལུ་ ཡར་སེང་སོང་ཡོདཔ་སྦེ་ སྤྱི་ལོ་༢༠༡༧ གྱི་ གསོ་བའི་གནས་དེབ་ནང་བཀོད་ནུག།
དེ་བཟུམ་སྦེ་ སྤྱི་ལོ་༢༠༡༤ ལུ་ རྒྱལ་ཁབ་ནང་འཁོད་ཀྱི་ གསོ་བའི་སྨན་ཁང་ཚུ་ནང་ མི་༦༣༩ དེ་ཅིག་ལུ་ ནད་གཞི་ཀེན་སར་ཐོབ་ཡོད་པའི་ ཐོ་བཀོད་འབད་མི་ལུ་ལྟཝ་ད་ བརྒྱ་ཆ་༦༡ དེ་ ཕོ་སྐྱེས་ཚུ་ཨིན་མས།
ད་རེས་ནངས་པར་ རྒྱལ་ཁབ་ནང་འཁོད་དང་ ཕྱི་རྒྱལ་ལུ་ ལཱ་འབད་མི་ ཞི་གཡོགཔ་༢༨,༣༠༢ ཡོད་མི་ག་ར་ གསོ་བའི་བརྟག་དཔྱད་འབད་ནི་ འགོ་བཙུགས་པ་ཅིན་ འདི་བཟུམ་མའི་ ནད་གཞི་ཚེ་ སྔོན་འགོག་འབད་ནི་དང་ ཀེན་སར་ནད་གཞི་ཧ་སུ་སྦེ་ བདའ་ཟུན་ཏེ་ སྨན་བཅོས་འབད་ཚུགས་ནི་ཨིནམ་ལས་ གཞུང་གིས་ ཀེན་སར་ཐོབ་མི་ ནདཔ་ཕྱི་རྒྱལ་ལུ་བཏངམ་ད་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་ས་ཡ་༡༦༠ དེ་རེ་ ཟད་འགྲོ་གཏང་དགོཔ་ བྱུང་མི་དེ་ཡང་ མར་ཕབ་འབད་ནི་ལུ་ ཕན་ཁྱད་འབྱུང་ནི་མས།
ད་རུང་ ཧའི་པར་ཊེན་ཤཱན་ཟེར་མི་ ཁྲག་ཤུགས་མཐོ་དྲགས་ཀྱི་ ནདཔ་ཚུ་ཡང་ ལོ་བསྟར་བཞིན་དུ་ ཡར་འཕར་འགྱོ་དོ་ཡོདཔ་ལས་ མི་མང་འཕྲོད་བསྟེན་གྱི་དོན་ལུ་ ཚ་གྱང་ཅན་ཅིག་ལུ་ གྱུར་ཏེ་ཡོདཔ་ད་ སྤྱི་ལོ་༢༠༡༢ ལུ་ ཁྲག་ཤུགས་མཐོ་དྲགས་ཡོད་མི་༢༧,༠༢༣ ལས་ སྤྱི་ལོ་༢༠༡༦ ལུ་༣༠,༢༦༠ ལུ་ ཡར་འཕར་སོང་ཡོདཔ་བཞིན་དུ་ གུ་རམ་ནད་ཐོབ་མི་དེ་ཡང་ སྤྱི་ལོ་༢༠༡༢ ལུ་༤,༠༩༧ ལས་ སྤྱི་ལོ་༢༠༡༦ ལུ་༡༢,༡༢༠ ལུ་ ཡར་སེང་སོང་ནུག།
འབུ་ནད་མེན་པའི་ ནད་གཞི་དང་ ཀེན་སར་ གུ་རམ་ནད་ཐོབ་མིའི་ གྱངས་ཁ་དང་འཁྲིལ་བ་ཅིན་ འབྲུག་བཟུམ་མའི་ རྒྱལ་ཁབ་ཆུང་ཀུ་ཅིག་ནང་ མི་རློབས་༧༠༠,༠༠༠ དེ་ཅིག་ལས་བརྒལ་མེདཔ་ལས་ ཞི་གཡོགཔ་རྐྱངམ་གཅིག་མེན་པར་ ཁྲིམས་སྡེ་དང་ ལས་འཛིན་ རང་དབང་ཅན་གྱི་ལས་སྡེ་ དེ་ལས་ སྒེར་སྡེའི་ལས་བྱེདཔ་ཚུ་གི་ གཟུགས་ཁམས་འཕྲོད་བསྟེན་ཚུ་ལུ་ཡང་ དུས་རྒྱུན་དུ་ གསོ་བའི་བརྟག་དཔྱད་འབད་བ་ཅིན་ ནད་གཞི་ཚུ་ སྔོན་འགོག་འབད་ཚུགས་ནི་དང་ སྨན་བཅོས་དང་འབྲེལ་བའི་ ཟད་འགྲོ་མར་ཕབ་འབད་ནི་ལུ་ ཕན་ཐབས་འབྱུང་ནི་ཨིན་མས།
དེ་གིས་མ་དོ་བར་ ང་བཅས་རའི་མི་ཚུ་ གཟུགས་ཁམས་འཕྲོད་བསྟེན་ལུ་ ཚ་གྱང་ཐེབས་འབག་སྟེ་ བཟའ་འཐུང་གི་རིགས་ཚུ་ཡང་ ག་ཐོབ་སྦེ་མེན་པར་ གཟུགས་ཁམས་ལུ་ ཕན་ཐོགས་ཡོད་མི་རྐྱངམ་གཅིག་ སྤྱོད་ནི་གི་ འོས་འབབ་ཡོདཔ་ལས་ འབུ་ནད་མེན་པའི་ ནད་ཐོབ་མི་ཡང་ མར་འབབ་འགྱོ་འོང་།
འདི་འབདཝ་ལས་ ད་རེས་ གསོ་བའི་ལྷན་ཁག་དང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཐབས་ལམ་བཏོན་མི་དེ་ ལེགས་ཤོམ་ཨིན་མས་ཟེར་ ཞུ་ནི་ཨིན།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *