ཐང་རོང་སློབ་གྲྭ་ཆུང་བའི་ སློབ་ཕྲུག་ཚུ་ལུ་ ཉིན་ལྟོ་བྱིན་པའི་བསྒང་།

གཟུགས་ཁམས་དང་ ལུས་སྦྱོང་ཤེས་ཡོན་ཁག་ཆེ་རུང་ སློབ་སྟོན་པ་མེད་པའི་གདོང་ལེན།

༉ སློབ་གྲྭ་ཆུང་བའི་ སློབ་ཕྲུག་ཚུ་གི་དོན་ལུ་ ཤེས་རིག་ལྷན་ཁག་གིས་ གཟུགས་ཁམས་དང་ ལུས་སྦྱོང་ཤེས་ཡོན་ སྟོན་དགོཔ་སྦེ་ སློབ་གྲྭའི་རྩ་གཞུང་ནང་ བཙུགས་ཏེ་ཡོད་རུང་ རྩ་གཞུང་གི་ སློབ་སྟོན་པ་མེད་པའི་ གདོང་ལེན་བྱུང་སྟེ་འདུག།
དེ་ཡང་ མོང་སྒར་ཐང་རོང་རྒེད་འོག་གི་ སློབ་གྲྭ་ཆུང་བའི་ བློ་གསར་སློབ་རིམ་ལས་ སློབ་རིམ་༦ པ་ཚུན་ རྩ་གཞུང་དེ་ སྤྱིར་བཏང་སློབ་དཔོན་ཚུ་གིས་ སློབ་སྟོན་འབད་དོ་ཡོད་རུང་ སློབ་དཔོན་ཚུ་ལུ་ དེ་གི་སྐོར་ སྦྱོང་བརྡར་འབད་འབདཝ་མེདཔ་ལས་ རྩ་གཞུང་གི་ ལམ་སྟོན་དཔེ་དེབ་དང་འཁྲིལ་ སྤུས་ཚད་དང་ལྡནམ་སྦེ་ སློབ་སྟོན་འབད་མི་ཚུགས་པས་ཟེར་ སླབ་ཨིན་པས།
སློབ་རིམ་༥ པའི་ནང་ལྷབ་མི་ བུཚ་འཇམ་དཔལ་གོ་ཆ་གིས་ སླབ་མིའི་ནང་ གཟུགས་ཁམས་དང་ ལུས་སྦྱོང་ཤེས་ཡོན་ཆོས་ཚན་དེ་ བདུན་ཕྲག་ཅིག་ནང་ ཚར་༡ ལས་བརྒལ་མེད་རུང་ དུས་ཅི་ སློབ་དུས་འགོ་བཙུགས་ཏེ་ སློབ་དཔོན་ཚུ་གིས་ ལམ་སྟོན་དང་འཁྲིལ་ སློབ་སྟོན་འབདཝ་ཨིན་རུང་ ཆོས་ཚན་དེ་ ག་ཅི་གི་དོན་ལུ་ཨིན་ན་ ཧ་ར་གོ་མི་ཚུགས་པས་ཟེར་ཨིན་པས།
སློབ་གྲྭའི་དབུ་འཛིན་འོགམ་ ཤཱན་ཊི་རམ་ པག་ཝཱལ་གྱིས་ སླབ་མིའི་ནང་ ཆོས་ཚན་དེ་ སློབ་ཕྲུག་ཚུ་ལུ་ མེད་ཐབས་མེདཔ་ཅིག་ཨིན་རུང་ རྩ་གཞུང་དེ་གི་དོན་ལུ་ སློབ་དཔོན་ཚུ་ སྦྱོང་བརྡར་འབད་དེ་མེདཔ་ལས་ སློབ་སྟོན་འབད་ནི་ལུ་ དཀའ་ངན་བྱུང་སྟེ་ཡོད་ཟེར་ཨིན་པས།
སློབ་གྲྭའི་དབུ་འཛིན་གྱིས་ སླབ་མིའི་ནང་ ཤེས་རིག་ལྷན་ཁག་གིས་ རྩ་གཞུང་དེ་ འགོ་བཙུགས་པའི་སྐབས་ལས་ར་ ཆོས་ཚན་དང་འབྲེལ་བའི་ སློབ་དཔོན་ཚུ་ ཐང་རོང་སློབ་གྲྭ་ཆུང་བ་རྐྱངམ་གཅིག་མེན་པར་ རྫོང་ཁག་༢༠ གི་ སློབ་གྲྭ་ཆུང་བ་དང་ མི་སྡེ་སློབ་གྲྭ་ཚུ་ནང་གཏང་དགོཔ་ གལ་ཆེ་ཟེར་ཨིན་པས།
དེ་ཡང་ སློབ་ཕྲུག་ཚུ་གིས་ རྩ་གཞུང་ལུ་ སྤྲོ་བ་དང་ དང་འདོད་སྦོམ་ཡོདཔ་ལས་ གཞི་འགྱམ་གྱི་ སྤུས་ཚད་ལེགས་ཤོམ་སྤྲོད་ཐབས་ལུ་ སློབ་སྟོན་པ་ བགོ་བཀྲམ་འབད་དགོ་ཟེར་ཨིན་པས།
སྐྱིད་བདེ་མཁར་སློབ་གྲྭ་ལྟེ་བའི་ནང་ རྩ་གཞུང་དང་འབྲེལ་བ་ཡོད་པའི་ རྩེད་རིགས་སྣ་ཚོགས་ཀྱི་མཁས་མཆོག་ ཇཱ་པཱན་ལས་ ཁས་བླངས་པ་ ཤུ་ཧི་ ནི་ཤི་ཌ་དང་ ཆ་རོགས་ཚུ་གིས་ ཉིན་གྲངས་༢ ཀྱི་རིང་ སློབ་དཔོན་དང་ སློབ་ཕྲུག་ཚུ་ལུ་ གཟུགས་ཁམས་དང་ ལུས་སྦྱོང་ཤེས་ཡོན་གྱི་སྐོར་ སློབ་སྟོན་འབད་བའི་ཁར་ ལག་ལེན་དངོས་བསྟར་གྱི་ སྦྱོང་བརྡར་ཡང་འབད་ནུག།
ཤུ་ཧི་ ཎི་ཤི་ཌ་གིས་ སླབ་མིའི་ནང་ རྩ་གཞུང་དེ་ ན་གཞོན་སློབ་ཕྲུག་ཚུ་གི་དོན་ལུ་ གལ་གནད་ཅན་ཨིནམ་ལས་ ཉམས་མྱོང་དང་ རྩ་གཞུང་དེ་གི་ ཤེས་ཡོན་ཡོད་མི་ཚུ་གིས་ སློབ་སྟོན་འབད་དགོཔ་ ཁག་ཆེཝ་བཞིན་དུ་ ཡོན་ཏན་ལྷབ་སྦྱང་འབད་བའི་སྐབས་ གཟུགས་ཁམས་སྒྲིང་སྒྲི་བཞག་ཚུགས་ཟེར་ཨིན་པས།
རྫོང་ཁག་ཤེས་རིག་གཙོ་འཛིན་ དབང་ཕྱུག་གིས་ སླབ་མིའི་ནང་ རྩ་གཞུང་དེ་ རྒྱལ་འཛིན་ཤེས་རིག་ཚོགས་སྡེ་གིས་ གསར་བརྩམས་འབད་བའི་ཤུལ་ལས་ སློབ་གྲྭ་ཆུང་བ་ལུ་ སློབ་སྟོན་འབད་ནིའི་དོན་ལུ་ ལམ་སྟོན་དཔེ་ དེབ་ཚུ་ བཀྲམ་སྤེལ་འབད་དེ་ཡོདཔ་ལས་ སྤྱིར་བཏང་སློབ་དཔོན་ཚུ་གིས་ འབད་མ་ཚུགསཔ་ག་ནི་ཡང་ མེད་པའི་ཁར་ ཆོས་ཚན་དེ་ཡང་ བདུན་ཕྲག་རེའི་ནང་ ཚར་༡ ལས་བརྒལ་མེད་ཟེར་ཨིན་པས།
རྩ་གཞུང་དེ་ གལ་ཆེ་མི་ལུ་བརྟེན་ སང་ཕོད་ལས་འགོ་བཙུགས་ རྫོང་ཁག་གི་ སློབ་གྲྭ་ཆུང་བ་ཚུ་ནང་ རྩེད་རིགས་འགྲན་བསྡུར་ འགོ་བཙུགས་ནིའི་དོན་ལུ་ འཆར་གཞི་དང་ ལས་རིམ་བཟོ་ནི་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ཐང་རོང་སློབ་གྲྭ་ཆུང་བའི་ནང་ སློབ་དཔོན་༩ དང་ སློབ་ཕྲུག་༢༥༣ ལས་༡༣༠ བུམོ་དང་ བུཚ་༡༢༣ ཡོདཔ་ད་ ནང་སྡོད་མཐུན་རྐྱེན་སྤྱོད་མི་ སློབ་ཕྲུག་༡༡༩ ཡོདཔ་ཨིན་པའི་གནས་ཚུལ།

ཐང་རོང་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *