གཞུང་སྐྱོང་སོར་བསྒྱུར་འབད་དགོཔ་ཁག་ཆེ་ཟེར་ འབྲུག་མཉམ་རུབ་ཚོགས་པ་གིས་བཤད་ཡོདཔ།

༉ ཁ་ཙ་ སྲིད་དོན་ཚོགས་པའི་ གཙོ་འཛིན་ཚུ་གི་བར་ན་ མི་མང་རྩེད་འགྲན་ འགོ་འདྲེན་འཐབ་པའི་སྐབས་ འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ བློ་གྲོས་ཚེ་རིང་གིས་ གལ་སྲིད་ སྤྱི་ལོ་༢༠༡༨ ཀྱི་ སྤྱི་ཚོགས་༣ པའི་བཙག་འཐུ་ནང་ གཞུང་སོར་མ་ཚུགས་པ་ཅིན་ ད་ལས་ཕར་ ནམ་ཡང་སོར་མི་ཚུགས་ཟེར་བཤད་ཅི།
ཁོ་གིས་འབད་བ་ཅིན་ འདས་པའི་བཙག་འཐུ་རིམ་ཐེངས་༢ ནང་ སྲིད་ཚོགས་གཉིས་ཆ་ར་ གཞུང་སྐྱོང་དང་ ལྡོག་ཕྱོགས་སྦེ་ ཕྱག་ཞུ་ཡོདཔ་ལས་ སོར་བསྒྱུར་མ་འབད་བ་ཅིན་ དམངས་གཙོའི་རིང་ལུགས་ནང་ ཉེན་ཁ་ཆེ་ཤོས་ཅིག་ཨིན་ཟེར་ཨིན་པས།
དུས་ཅི་ ལྟ་བ་དང་གཞི་རྩ་ དེ་ལས་ ཁས་བླངས་གསལ་བསྒྲགས་ ལེགས་ཤོམ་ཡོད་མི་ རྒྱལ་ཁབ་དང་ མི་སེར་ལུ་ ཕན་ཐོགས་ཡོད་མི་ ཚོགས་པ་གསརཔ་ལུ་ གོ་སྐབས་བྱིན་དགོཔ་འདི་ གལ་ཆེ་ཟེར་ཨིནམ་ད་ དེ་སྦེ་མེན་པར་ ངན་ལྷད་ཀྱི་ དབང་དུ་ཐལ་ཏེ་ ད་རུང་ ཚོགས་པ་རྙིངམ་ལུ་ གོ་སྐབས་བྱིན་པ་ཅིན་ སྲིད་ཚོགས་ཀྱི་ ར་སྒྲིང་སྒྲི་བཏགས་ཞིནམ་ལས་ ནམ་ཡང་སོར་མ་ཚུགས་པར་ སྤྱི་ལོ་༢༠༢༣ གྱི་ བཙག་འཐུ་ནང་ ཚོགས་པ་གསརཔ་ག་འོང་རུང་ ལྡོག་ཕྱོགས་ཀྱི་དོན་ལུ་རྐྱངམ་གཅིག་ དོ་འགྲན་འབད་དགོཔ་འཐོན་འོང་ཟེར་ བློ་གྲོས་ཚེ་རིང་གིས་ བཤད་ཅི།
དེ་བཟུམ་གྱི་དཔེ་ཚུ་ ལུང་ཕྱོགས་རྒྱལ་ཁབ་ཚུ་ནང་ ཡོད་མི་དེ་ཡང་ འཕྲལ་འཕྲལ་དྲག་པོའི་གཞུང་གིས་དབང་བའི་གནས་སྟངས་ལུ་ཡང་ ཐུག་སྟེ་ཡོདཔ་ལས་ དམངས་གཙོའི་རིང་ལུགས་སྒྲིང་སྒྲི་བཟོ་ཐབས་ལུ་ སྲིད་དོན་ཚོགས་པ་སོར་དགོཔ་ གལ་ཆེ་ཟེར་ཨིན་པས།
མ་གཞི་ སྲིད་ཚོགས་ཆ་མཉམ་གྱི་དམིགས་ཡུལ་ རྒྱལ་ཁབ་ལུ་ ཕྱག་ཞུ་ནི་དེ་ཨིན་རུང་ དེ་ཚུ་གི་གྲས་ལས་ ཕན་ཐོགས་ཤོས་དང་ སྒྲིང་སྒྲི་གདམ་འཐུ་འབད་ནི་དེ་ ཁག་ཆེ་ཟེར་ཨིན་པས།
དཔེར་ན་ གོ་ལ་སོར་གྱོན་པ་ཅིན་ ངོ་རིས་མ་འདྲཝ་མཐོང་དོ་བཟུམ་དང་ བཞེས་སྒོ་སོར་ཟ་བ་ཅིན་ དྲོ་མ་འདྲཝ་ཚོར་དོ་བཟུམ་ ཚོགས་པ་གསརཔ་ལུ་ གོ་སྐབས་བྱིན་པ་ཅིན་ ད་རེས་ རྒྱལ་ཁབ་ནང་ ལཱ་གཡོག་དང་ བུ་ལོན་ལ་སོགས་པའི་ དཀའ་ངལ་ཚུ་ ཐབས་ཤེས་དང་ གནས་སྐབས་གསརཔ་བཏོན་ཐོག་ལས་ སེལ་ཚུགས་ཟེར་ གཙོ་འཛིན་གྱིས་ བཤད་ཅི།
ཁོ་གིས་འབད་བ་ཅིན་ ཧེ་མ་དང་ཕྱདཔ་ད་ ད་རེས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གནས་སྟངས་ གོང་འཕེལ་སོང་ཡོད་རུང་ ཞིབ་འཚོལ་འབདཝ་ད་ ཡོདཔ་དང་མེད་པའི་ཁྱད་པར་སྦོམ་མཐོངམ་ལས་ གལ་སྲིད་ ཚོགས་པ་གིས་ གོ་སྐབས་འཐོབ་པ་ཅིན་ ཁྱད་པར་མེདཔ་བཟོ་ནི་དེ་ ཚོགས་པའི་ལྟ་བ་ཨིན་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པའི་ གཙོ་འཛིན་༢ ཀྱིས་ གཞུང་སྐྱོང་གི་ ཉམས་མྱོང་ཡོད་མི་ལུ་བརྟེན་ འཕྲོ་མཐུད་དེ་ གཞུང་སྐྱོང་གི་གོ་སྐབས་ གནང་དགོཔ་སྦེ་ སླབ་ཡོད་རུང་ འབྲུག་མཉམ་རུབ་ཚོགས་པ་དང་ འབྲུག་ཀུན་མཉམ་ཚོགས་པའི་གཙོ་འཛིན་༢ ཀྱིས་ བསྒྱུར་བཅོས་དེ་ ཁག་ཆེ་ཟེར་བཤད་ཅི།
འབྲུག་མཉམ་རུབ་ཚོགས་པའི་ གཙོ་འཛིན་གྱིས་འབད་བ་ཅིན་ མི་སེར་ཚུ་གིས་ ཚོགས་རྒྱན་བཙུགསཔ་ད་ བློ་ཁ་ལས་རྐྱངམ་གཅིག་ སླབ་མི་དང་ ཧིང་ཁ་ལས་ སླབ་མི་༢ དབྱེ་བ་ཕྱེ་དགོཔ་འདི་ གལ་ཆེ་ཤོས་ཅིག་ཨིན་ཟེར་ཨིནམ་ད་ ལ་ལོ་ཅིག་གིས་ ཉམས་མྱོང་དེ་ ཁག་ཆེཝ་སྦེ་ མཐོངམ་ཨིན་རུང་ ཁུར་ཆ་དེ་བཀལཝ་ད་ལས་ མི་ཤེས་ནི་དེ་གིས་ ལྕོགས་གྲུབ་གསལ་སྟོན་འབད་ནིའི་ གོ་སྐབས་ཚར་གཅིག་ ཚོགས་པ་ལུ་གནང་ཟེར་ཨིན་པས།
ལས་འགུལ་ཚུ་གི་ཐད་ལུ་ གལ་སྲིད་ ཚོགས་པ་གིས་ གཞུང་སྐྱོང་ནིའི་ གོ་སྐབས་འཐོབ་པ་ཅིན་ འདས་པའི་གཞུང་ཚུ་ལུ་ ཁ་གཏང་ནི་མེན་པར་ བཀའ་དྲིན་དགའ་ཚོར་བསམ་ཞིནམ་ལས་ འཕྲོ་མཐུད་དེ་ འབད་ནི་དང་ ཚོགས་པའི་འཆར་གཞི་གསརཔ་ཚུ་ཡང་བཙུགས་ཏེ་ ལཱ་འབད་ནི་ཨིནམ་ལས་ ཚོགས་པ་གསརཔ་ཚུ་ལུ་ གོ་སྐབས་གནང་དགོ་ཟེར་ བློ་གྲོས་ཚེ་རིང་གིས་ བཤད་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

 

About admin

Check Also

སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོདཔ།

༉ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོད་མི་དེ་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་མི་དེ་ ད་རེས་ནངས་པར་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་བསྒང་ཨིན་པས། དེ་ཡང་ བུམོ་ཅིག་གིས་ སྤྱི་ལོ་༢༠༢༢ …

Leave a Reply

Your email address will not be published. Required fields are marked *