སྤྱི་ཚོགས་༣ པའི་རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་༤༧ (གཞུང་སྐྱོང་ནང་ལས་ འཐུས་མི་༣༠ དང་ ལྡོག་ཕྱོགས་ཚོགས་པའི་འཐུས་མི་༡༧)།

གཞུང་སྐྱོང་ཚོགས་པ་ལས་ ཚོགས་དཔོན་གོང་འོག་༢ བཙག་འཐུ་གྲུབ་ཡོདཔ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་ཐེངས་༣ པའི་ ཚོགས་བཞུགས་དང་པ་ དབུ་འཛུགགས་གནངམ་དང་འབྲེལ་ གཞུང་སྐྱོང་ཚོགས་པའི་འཐུས་མི་ དབང་ཕྱུག་རྣམ་རྒྱལ་དེ་ ཚོགས་དཔོན་དང་ བཙན་སྐྱོགས་དབང་འདུས་དེ་ ཚོགས་དཔོན་འོགམ་སྦེ་ གདམ་འཐུ་འབད་ཡི།
གོ་གནས་དེ་གི་དོན་ལུ་ ལྡོག་ཕྱོགས་ཚོགས་པའི་ཁ་ཐུག་ལས་ འགོ་དང་པ་ གདམ་ངོ་༢ བཏོན་ཡོད་རུང་ ཚོགས་རྒྱན་བཙུགས་པའི་སྐབས་ ཁོང་གཉིས་ཆ་ར་གིས་ རྒྱབ་སྐྱོར་འཐོབ་མ་ཚུགསཔ།
དབང་འདུས་རྫོང་ཁག་ ཉི་ཤུ་-སྲས་ཕུག་འདེམས་ཁོངས་ཀྱི་འཐུས་མི་ སྐྱེས་ལོ་༥༥ ལང་མི་ དབང་ཕྱུག་རྣམ་རྒྱལ་གྱིས་ ཚོགས་རྒྱན་བསྡོམས་༣༠ ཐོབ་ཡོདཔ་ད་ ཚོགས་དཔོན་འོགམ་ སྤུ་ན་ཁ་རྫོང་ཁག་ དཀར་སྦྱིས་-རྟ་ལོག་འདེམས་ཁོངས་ཀྱི་འཐུས་མི་ སྐྱེས་ལོ་༣༤ ལང་མི་ བཙན་སྐྱོགས་དབང་འདུས་ཀྱིས་ ཚོགས་རྒྱན་༣༡ ཐོབ་སྟེ་ བཙག་འཐུ་གྲུབ་ཅི།
ལྡོག་ཕྱོགས་ཚོགས་པའི་ མོང་སྒར་གྱི་ དགྲ་མེད་རྩེ་སྔ་ཚང་གི་འཐུས་མི་ ཨོ་རྒྱན་དབང་འདུས་ཀྱིས་ ཚོགས་དཔོན་གྱི་གོ་གནས་དོན་ལུ་ དོ་འགྲན་འབདཝ་ད་ ཚོགས་རྒྱན་༡༧ ལས་ མ་ཐོབ་མི་དེ་ཡང་ ག་ར་ལྡོག་ཕྱོགས་ཚོགས་པའི་འཐུས་མི་ཚུ་ ཨིནམ་འོང་ནི་མས།

ཚོགས་དཔོན་ དབང་ཕྱུག་རྣམ་རྒྱལ།

དེ་བཟུམ་སྦེ་ ཚོགས་དཔོན་འོགམ་གི་དོན་ལུ་ ལྡོག་ཕྱོགས་ཚོགས་པའི་འཐུས་མི་ ཆུ་སྨད་-ཨུ་རའི་འཐུས་མི་ ཀརྨ་དབང་ཕྱུག་གིས་ ཚོགས་རྒྱན་༡༦ ལས་ ཐོབ་མ་ཚུགས་རུང་ ཁོ་གི་བྱང་ཕྱད་ བཙན་སྐྱོགས་དབང་འདུས་ཀྱིས་ ཚོགས་རྒྱན་༣༡ ཐོབ་ཅི།
འབྲུག་ཕུན་སུམ་ཚོགས་པའི་འཐུས་མི་ ཨོ་རྒྱན་དབང་འདུས་ལུ་ ཁྲིམས་དོན་གྱི་ཤེས་ཚད་ཡོད་པའི་ཁར་ ཁོ་གིས་ སྤྱི་ཚོགས་ནང་ བཅའ་མར་མ་གཏོགས་པའི་ཧེ་མར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ནང་ ཁྲིམས་དོན་གཙོ་འཛིན་གྱི་ འགན་ཁུར་ཚུ་ འབག་ཡོདཔ་ཨིན་པས།
ཚོགས་དཔོན་གསརཔ་གིས་ སློབ་དཔོན་དང་ རྫོང་ཁག་ཤེས་རིག་འགོ་དཔོན་ལ་སོགས་པའི་ འགན་ཁུར་འབག་ཡོད་པའི་ཁར་ བཙག་འཐུ་ནང་ བཅའ་མར་མ་གཏོགས་པའི་ཧེ་མར་ རྟ་བབ་ལུ་ཡོད་མི་ སྒེར་གྱི་ ཉི་མ་སློབ་གྲྭ་ཆེ་བ་ནང་ དབུ་འཛིན་གྱི་ འགན་ཁུར་འབག་ཡོདཔ་ཨིན་པས།
ཀརྨ་དབང་ཕྱུག་གིས་ སེམས་རྟོགས་ཁ་རིག་གཞུང་སློབ་གྲྭ་ནང་ལས་ མཐར་འཁྱོལ་ཏེ་ ནང་པའི་དྲུང་འཚོ་གི་ སྦྱོང་བརྡར་འབད་དེ་ ལོ་ངོ་༡༠ དེ་ཅིག་ དྲུང་འཚོ་འབད་ཡོདཔ་ད་ སྤྱི་ཚོགས་ནང་ཡང་ ཕྱག་ཞུ་ཡོདཔ་ཨིན་པས།
ཚོགས་ཐེངས་༣ པའི་ ཚོགས་བཞུགས་དང་པ་དེ་ཡང་ ཁ་ཙ་ རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ ཁྱད་པར་ཅན་དང་འབྲེལ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀའ་ཤོག་གནང་མི་དེ་ ལྷན་རྒྱས་གཞུང་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་གྱིས་ ཚོགས་ཁང་ནང་ ལྷག་ཕུལ་ཏེ་ འཐུས་མི་ཚུ་གིས་ གོ་གནས་བདག་རྐྱེན་དོན་ལུ་ བཀབ་ནེ་ཧོནམོ་དང་ དཔའ་རྟགས་བཏགས་ཡོདཔ་ད་ ཨམ་སྲུ་འཐུས་མི་ཚུ་གིས་ རགས་ཅུང་ཧོནམོ་དང་གཅིག་ཁར་ འགན་རྟགས་བཏགས་ཡི།
བཙག་འཐུ་གྲུབ་མི་ འཐུས་མི་ག་ར་གིས་ ཚོགས་ཁང་ནང་འཛུལ་བའི་སྐབས་ བཀབ་ནེ་དཀརཔོ་བཀབ་སྟེ་འོང་ཡོདཔ་ད་ ཁ་ཙ་གི་ཚོགས་རིམ་དེ་ འགོ་དང་པ་འབད་ནི་དེ་གིས་ བློན་པོའི་གོ་གནས་ཚུ་ བསྐོ་བཞག་མ་འབད་བར་ཡོདཔ་ལས་ འཐུས་མི་ག་ར་གིས་ གཅིག་མཚུངས་སྦེ་ བཀབ་ནེ་ཧོནམོ་བཀབ་ཅི།
དེ་གི་ཤུལ་ལས་ མངོན་མཐོ་ཁྲིམས་འདུན་གྱི་ ཁྲིམས་སྤྱི་བློན་པོ་ ཚེ་རིང་དབང་ཕྱུག་གིས་ འཐུས་མི་ཚུ་ལུ་ འགན་ཁུར་དང་བསྟུན་པའི་ ཁས་བླངས་དམ་བཅའ་ལྷག་མི་དང་གཅིག་ཁར་ འཐུས་མི་ཚུ་གིས་ཡང་ རྟིང་ཤུལ་བདའ་སྟེ་གཅིག་ཁར་ ལྷག་ཅི།
ཚོགས་དཔོན་དང་ ཚོགས་དཔོན་འོགམ་བཙག་འཐུ་དེ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ ངོ་ཚབ་ཚུ་གིས་ ཚོགས་རྒྱན་འཕྲུལ་ཆས་ཚུ་ ཚོགས་ཁང་ནང་ གྲ་སྒྲིག་འབད་དེ་ ཚོགས་རྒྱན་བཙུགས་ཐོག་ལས་ གདམ་འཐུ་འབད་ཡི།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སྐུ་ངོ་བོ་སྦེ་ ཚོགས་ཁང་ནང་ མ་བྱོན་རུང་ རྟེན་འབྲེལ་སྐབས་ མི་དབང་མཆོག་གི་ སྐུ་གསུང་ཐུགས་ཀྱི་ཚབ་སྦེ་ མཆོད་ཆས་ཚུ་ གསེར་ཁྲི་གུ་ བཞུགས་སུ་གསོལ་ཡི།
རྟེན་འབྲེལ་གྱི་སྐབས་ལུ་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་གིས་ཡང་ བཅའ་མར་གཏོགས་ཡོདཔ་ད་ འཐུས་མི་ཚུ་ལུ་ དམ་བཅའ་ཕུལ་བའི་ཤུལ་ལས་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ འདྲ་རེ་སྤྲོད་ཅི།
ཚོགས་དཔོན་གསརཔ་གིས་ བཙག་འཐུ་གྲུབ་མི་ལུ་ དགའ་ཚོར་ཡོདཔ་ལས་ རྣམ་དག་གི་ཐོག་ལས་ ཕྱག་ཞུ་ནི་ཟེར་ བཤད་ཅི།
ཚོགས་དཔོན་གོང་འོག་གི་དོན་ལུ་ ཚོགས་རྒྱན་མ་བཙུགས་པའི་ཧེ་མར་ ཡོངས་ཁྱབ་དྲུང་ཆེན་གྱིས་ གདམ་ངོ་སྦེ་བཏོན་མི་ འཐུས་མི་༤ པོ་ཆ་ར་ལུ་ བཅའ་མར་གཏོགས་ནིའི་དོན་ལུ་ ངོས་ལེན་ཡོད་མེད་སྐོར་ལས་ གསལ་ཞུ་འབད་བཅུག་པའི་སྐབས་ འཐུས་མི་ག་ར་གིས་ གོ་སྐབས་དེ་ལུ་ དང་འདོད་ཡོད་ཟེར་ཞུ་ཡི།
སྤྱི་ཟླ་༡༠ པའི་ཚེས་༣༠ ལུ་ བློན་ཆེན་གསརཔ་སྦེ་ བསྐོ་བཞག་འབད་ནི་ཨིན་མི་ འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ ཌོག་ཊར་བློ་གྲོས་ཚེ་རིང་གིས་ རྒྱལ་ཡོངས་ཚོགས་འདུའི་ དྲུང་ཆེན་ཡིག་ཚང་ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ འཐུས་མི་ཚུ་བཙག་འཐུ་གྲུབ་ཡོད་པའི་ ངོས་འཛིན་ལུ་བྱིན་ཡོད་མི་ ལག་ཁྱེར་ཚུ་ སྤྲོད་ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་འདུའི་ བྱ་བའི་གནད་སྤྱོད་ཀྱི་དོན་ཚན་༢ པ་དང་འཁྲིལཝ་ད་ བཙག་འཐུ་གྲུབ་ཡོད་པའི་ འཐུས་མི་ཚུ་གིས་ ཚོགས་རིམ་དང་པ་ མ་འཚོགས་པའི་ཉིནམ་༡ གི་ཧེ་མར་ ཐོ་བཀོད་དོན་ལུ་ ལག་ཁྱེར་ཚུ་ སྤྲོད་དགོཔ་སྦེ་ ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *