གཞུང་སྐྱོང་དང་ ལྡོག་ཕྱོགས་ཚོགས་པའི་བར་ན་ ས་གནས་གཞུང་གི་ ཐོབ་ཐངས་སྐོར་ལས་རྩོད་བསྡུར།

༉ ས་གནས་གཞུང་གི་ འཐུས་མི་ཚུ་གི་ ངལ་གསོའི་འཐུས་དང་ ཐོབ་ལམ་གཞན་གྱི་སྐོར་ལས་ ད་རུང་ཚར་གཅིག་ གཞུང་སྐྱོང་དང་ ལྡོག་ཕྱོགས་ཀྱི་བར་ན་ རྩོད་བསྡུར་བྱུང་ཡི།

དེ་ཡང་ ཁ་ཙ་ ས་གནས་གཞུང་གི་ ཐོབ་ཐངས་སྐོར་ལས་ རྒྱལ་ཡོངས་ཚོགས་འདུ་ནང་ ཏི་རུའི་དཔྱད་ཡིག་སྦེ་བཙུགས་མི་ དངུལ་ཕོགས་བསྐྱར་བཟོའི་སྙན་ཞུ་གུ་ གསུང་གྲོས་གནང་པའི་སྐབས་ ལྡོག་ཕྱོགས་ཚོགས་པའི་ འཐུས་མི་ཚུ་གིས་ ཚོགས་པའི་དོན་ལུ་ བརྒྱུད་འབྲེལ་གྱི་ འཐུས་ཀྱི་སྐོར་ལས་ གྲོས་བསྡུར་འབད་བའི་སྐབས་ པཱན་སྦང་གི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ དངུལ་ཀྲམ་༥༠༠ དེ་ཅིག་ སེང་མི་དེ་གིས་ གཞུང་ལུ་ ཟད་འགྲོ་སྦོམ་ཅིག་ མི་གནས་ནི་མས་ཟེར་ཞུ་ཡི།
ཁོ་གིས་འབད་བ་ཅིན་ ས་གནས་གཞུང་གི་ འཐུས་མི་ཚུ་ཡང་ ཞི་གཡོགཔ་ཚུ་བཟུམ་སྦེ་ར་ འཐོབ་དགོཔ་འདུག་ཟེར་ ཞུ་མི་ལུ་ དངུལ་རྩིས་བློན་པོ་གིས་ འཐུས་མི་གིས་ཞུ་མི་དེ་ ཞིང་རྨོ་སྟེ་འོང་མི་གིས་ མནོ་བསམ་བཏང་དོ་བཟུམ་ འབད་མི་དེ་ མི་བཏུབ་པས་ཟེར་ཨིནམ་ད་ ས་གནས་གཞུང་གི་བཅའ་ཁྲིམས་ནང་ ཐོབ་ལམ་དེའི་སྐོར་ལས་ བཀོད་དེ་མེདཔ་ལས་ བྱིན་ཐབས་མིན་འདུག་ཟེར་ཞུ་ཡི།
ཨིན་རུང་ མ་འོངས་པ་ལུ་ འོས་འབབ་ཚུ་བལྟ་སྟེ་ ས་གནས་གཞུང་གི་ བཅའ་ཁྲིམས་འཕྲི་སྣོན་འབད་དེ་ ཐོབ་ལམ་ཡོདཔ་བཟོ་རུང་ མ་བཏུབ་མིན་འདུག་ཟེར་ཨིནམ་ད་ ད་རེས་ བྱིན་ཐབས་མིན་འདུག་ཟེར་ཞུ་ཡི།
པཱན་སྦང་གི་ འཐུས་མི་གིས་ ཚོགས་པ་ཚུ་གིས་ ཀི་ལོ་མི་ཊར་རེ་ལུ་ འགྲུལ་འཐུས་དངུལ་ཀྲམ་༦ རེ་ ཐོབ་ནི་ཡོད་མི་དེ་ ད་རེས་ནངས་པར་ འཁོར་ལོ་༢ འབད་མི་ ཨིསི་ཀུ་ཊར་གྱི་དོན་ལུ་ཨིན་རུང་ ཨིསི་ཀུ་ཊར་དེ་ ད་རེས་ནངས་པར་ ལག་ལེན་འཐབ་མི་མིན་འདུག་ཟེར་ཞུ་ཡི།
ཞབས་ཏོག་བློན་པོ་གིས་ འཐུས་ཀྱི་སྐོར་ལས་ ས་གནས་གཞུང་གི་ འཐུས་མི་ཚུ་གིས་ མ་བཏུབ་པའི་སྐོར་ལས་ ཞུ་མི་ག་ཡང་མ་ཐོནམ་ལས་ དངུལ་ཕོགས་ལྷན་ཚོགས་ཀྱིས་ བཟོ་མི་ལུ་ ཆ་བཞག་རུང་ མ་བཏུབ་མིན་འདུག་ཟེར་ཨིནམ་ད་ བློན་པོ་གིས་ ལྡོག་ཕྱོགས་ཚོགས་པའི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱི་ ཞུ་མི་ལུ་ གཞི་བཞག་སྟེ་ ད་ལྟོ་ཚར་གཅིག་ མི་སེར་ཚུ་གི་ཁ་གུ་ གུ་རམ་བྱིན་ཏེ་ སེམས་དགའ་བཅུག་ནི་གི་ མནོ་བསམ་བཏང་མི་དེ་ མི་བཏུབ་པས་ཟེར་ ཞུ་ཡི།
དེ་གིས་ ཧེང་སྐལ་ར་ ལྡོག་ཕྱོགས་ཚོགས་པའི་ འཐུས་མི་ཚུ་ ཁོང་ཁྲོ་ལང་བའི་ གཞི་བཟོ་ཡོདཔ་མ་ཚད་ རྡོ་ཕུག་ཅན་ རྟ་ལྡིང་གི་འཐུས་མི་ ཊེག་བྷ་དུར་ སུ་བྷ་གིས་ ཁོ་ར་ ཚོགས་ཆུང་གི་ འཐུས་མི་ཅིག་ཨིནམ་ལས་ དེ་སྐབས་ ལྡོག་ཕྱོགས་ཚོགས་པའི་འཐུས་མི་ཚུ་གིས་ ག་ནི་ཡང་ མ་ཞུཝ་ལས་ ད་རེས་ དེ་བཟུམ་ཞུ་སར་མཐོངམ་ད་ གཞུང་གིས་ ལཱ་ག་ནི་ཡང་ མ་འབདཝ་བཟུམ་མཐོངམ་ལས་ ཐབས་མེད་པར་ཞུ་དོ་ཟེར་ཞུ་ཡི།
དེ་གིས་ ཧེང་སྐལ་ར་ ལྡོག་ཕྱོགས་ཚོགས་པའི་ འཐུས་མི་ཚུ་གིས་ གཅིག་ཤུལ་གཉིས་སྦེ་ ཞུ་མི་ཐོན་ཡོདཔ་ལས་ ལྡོག་ཕྱོགས་འགོ་ཁྲིདཔ་ ཌོག་ཊར་ པདྨ་རྒྱ་མཚོ་གིས་ ཚོགས་ཆུང་དེ་ མི་དག་པ་ཅིག་གིས་འཚོགས་པའི་ ཚོགས་ཆུང་ཨིནམ་ལས་ དེ་ནང་ མི་དག་པ་ཅིག་ལས་མེདཔ་ལས་ འཐུས་མི་ཚུ་གིས་ ཞུ་དོ་བཟུམ་འབད་བ་ཅིན་ ད་ལྟོ་ལས་ ལྡོག་ཕྱོགས་ཚོགས་པ་གིས་ འཐུས་མི་ཚུ་ ཚོགས་ཆུང་ནང་ མི་གཏང་ནི་གི་ གྲོས་ཐག་གཅད་དགོཔ་འདུག་ཟེར་ཞུ་ཡི།
གཞུང་སྐྱོང་གི་ འཐུས་མི་ལ་ལོ་གིས་ ལྡོག་ཕྱོགས་ཀྱིས་ དེ་བཟུམ་ཞུ་མི་ལུ་ ངོ་ཚཝ་མས་ཟེར་ ཞུ་ཡོད་མི་ལུ་ ལམ་གོང་ཝང་ལྕང་གི་འཐུས་མི་ མཁའ་འགྲོ་དབང་ཕྱུག་གིས་ ཧེ་མ་གཞུང་སྐྱོང་ ལྡོག་ཕྱོགས་སྦེ་སྡོད་པའི་སྐབས་ ག་བཟུམ་ཞུ་རུང་ ངོ་མ་ཚ་ནི་དེ་གིས་ ད་རེས་ཀྱི་ ལྡོག་ཕྱོགས་ཀྱིས་ཡང་ དེ་བཟུམ་ཞུ་མི་ལུ་ ངོ་ཚ་དགོཔ་ཅིག་ མེད་ཟེར་ཞུ་ཡི།
འཐུས་མི་ཚུ་གི་བར་ན་ གནད་དོན་གུ་མེན་པར་ གཅིག་གིས་གཅིག་ལུ་ སྨད་པ་རྐྱབ་པའི་ གྲོས་བསྡུར་ལུ་ འགྱུར་ནི་འབདཝ་ལས་ ཚོགས་དཔོན་གྱིས་ བར་ན་ལས་ དོགས་སེལ་ཚུ་ འབད་དགོཔ་ཐོན་ཡི།
རྡོ་རྗེ་དབང་འདུས་ཀྱིས་ གཞུང་གིས་ སྟབས་བདེཝ་ལས་ བཅའ་ཁྲིམས་ཚུ་དང་འཁྲིལ་ འབད་དོ་ཡོད་རུང་ སྟབས་མ་བདེཝ་ཡོད་པ་ཅིན་ བཅའ་ཁྲིམས་དང་མ་འཁྲིལ་བར་ འབད་ནི་འདུག་ཟེར་ཞུ་ཡི།
དགྲ་མེད་རྩེ་-སྔ་ཚང་གི་འཐུས་མི་ ཨོ་རྒྱན་དབང་འདུས་ཀྱིས་ འཐུས་སྤྲོད་དགོ་པའི་སྐོར་ལས་ བཅའ་ཁྲིམས་ནང་ འཁོད་ཡོད་མི་དེ་ཡང་ ནང་སྲིད་ལྷན་ཁག་གིས་ བཟོ་ཡོདཔ་ལས་ མི་བྱིན་ཟེར་བ་ཅིན་ ཁྲིམས་འགལ་ཨིནམ་ལས་ ས་གནས་གཞུང་གི་ འཐུས་མི་ཚུ་ལུ་ འཐུས་དེ་ཚུ་ བྱིན་དགོཔ་འདུག་ཟེར་ཞུ་ཡི།
ཐོབ་ཐངས་དེ་ཚུ་ མི་བྱིན་ནི་ཨིན་པ་ཅིན་ དོན་ཚན་དེ་ བཅའ་ཁྲིམས་ནང་ར་ བཙུགས་དགོཔ་མིན་འདུག་ཟེར་ ཞུ་ཡོདཔ་ད་ ཁོ་གིས་ གཞུང་གིས་ འཕྲལ་འཕྲལ་སྐབས་ སྤྱིར་བཏང་ལུ་ ཕན་མ་ཐོགས་མི་ཡང་ བྱིན་ནི་འདུག་ཟེར་ཞུ་ཡི།
ཆུ་སྨད་ཨུ་ར་གི་འཐུས་མི་ ཚེ་དབང་རིག་འཛིན་གྱིས་ ས་གནས་གཞུང་གི་ འཐུས་མི་ཚུ་གིས་ གཞུང་གིས་དངུལ་ཕོགས་བསྐྱར་བཟོ་འབད་མི་ལུ་ སེམས་དགའ་སྟེ་ཡོདཔ་ལས་ འཐུས་གཞན་ཚུ་ ད་རེས་སྐབས་ཅིག་ དངུལ་ཕོགས་ལྷན་ཚོགས་ཀྱིས་ བཟོ་མི་དང་འཁྲིལ་ བཞག་དགོཔ་སྦེ་ཞུ་ཡི།
ངལ་གསོའི་རིགས་༥ ཡོད་མི་དེ་ཡང་ ཞི་གཡོགཔ་ཚུ་གི་དོན་ལུ་ ཞི་གཡོག་བཅའ་ཁྲིམས་ནང་ བཀོད་དེ་ཡོདཔ་ལས་ ཞི་གཡོགཔ་ཚུ་གིས་ ཐོབ་དོ་ཡོད་རུང་ ས་གནས་གཞུང་གི་དོན་ལུ་ བཅའ་ཁྲིམས་ནང་ བཀོད་དེ་མེདཔ་ལས་ ཆ་འཇོག་འབད་མ་ཚུགས།
གཞུང་སྐྱོང་ཚོགས་པའི་ འཐུས་མི་ཚུ་གིས་ ས་གནས་གཞུང་གི་བཅའ་ཁྲིམས་ནང་ ངལ་གསོའི་སྐོར་ལས་ བཀོད་དེ་མེདཔ་ལས་ ད་རེས་ བྱིན་པ་ཅིན་ ཁྲིམས་ལས་འགལ་ནི་མས་ཟེར་ ཞུ་ཡོདཔ་ད་ ཞི་གཡོགཔ་ཚུ་བཟུམ་སྦེ་ བྱིན་དགོ་རུང་ ས་གནས་གཞུང་གི་བཅའ་ཁྲིམས་ འཕྲི་སྣོན་འབད་དེ་མ་གཏོགས་ བྱིན་ཐབས་མིན་འདུག་ཟེར་ ཞུ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ད་རུང་ འབྲུག་མི་ཕུཊ་བཱོལ་རྩེད་འགྲན་པ་ཅིག་གིས་ ཕྱི་ཁའི་སྡེ་ཚན་ནང་གྲལ་གཏོགས།

༉ སྐྱེས་ལོ་༢༣ ལང་མི་ སྐལ་བཟང་གིས་ ད་ལྟོ་ རྒྱ་གར་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལྡི་ལི་རྐང་རྩེད་ལིག་འགྲན་བསྡུར་༢༠༢༡ ནང་ Garhwal Heroes Football Club ཟེར་ ཕུཊ་བཱོལ་སྡེ་ཚོགས་ …

Leave a Reply

Your email address will not be published. Required fields are marked *