རིག་འཛིན་དབང་ཕྱུག།
༉ ཐིམ་ཕུག་བར་སྦིས་སའི་ས་གནས་ སོ་རི་བྲག་དང་ ཀ་ཤིང་སྦ་སྒོའི་བར་ན་ གཞུང་ས་ཌིསི་༦༣.༡༢ ཧམ་འཛུལ་ཐོག་ སྒེར་གྱི་ས་ཁྲམ་ནང་ ཐོ་བཀོད་འབད་བའི་ འབྲེལ་གནད་ལུ་བརྟེན་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ མི་གྲངས་༨ ལུ་ ཉེས་འཛུགས་ཐོག་ ཁ་ཙ་ རྫོང་ཁག་ཁྲིམས་ཀྱི་འདུན་སར་ བཤེར་ཡིག་བཙུགས་ནུག།
དེ་ཡང་ གཡོ་སྒྱུ་དང་ མགུ་སྐོར་ཐོག་ གཞུང་ས་སྤྱོད་ཡོད་པའི་ ཉེས་འཛུགས་ཅན་༨ ཀྱི་གྲས་ཁར་ ཐིམ་ཕུག་རྫོང་ཁག་བདག་སྐྱོང་གི་ ལས་བྱེདཔ་༡ དང་ ལྕང་རྒེད་འོག་གི་ ད་ལྟོའི་རྒཔོ་དང་ ལྕང་རྒཔོ་བགྲེསཔ་༢ འདུག།
ཉེས་འཛུགས་ཀྱི་ བཤེར་ཡིག་དང་འཁྲིལཝ་ད་ རྫོང་ཁག་བདག་སྐྱོང་ནང་ ལཱ་འབད་མི་ ཉེས་འཛུགས་ཅན་ སྨིན་དྲུག་རྡོ་རྗེ་གིས་ བརཔ་སྒོ་ཅུང་ལས་ ཀུན་དགའ་ཆོས་སྒྲོན་གྱི་ མིང་ཐོ་ཁར་ཡོད་མི་ སྤང་ཞིང་སྒང་ རྒྱབ་ཕྱོགས་ཟ་མ་ལས་ ས་ཆ་ཌིསི་༡༠ ཉོ་སྟེ་ ཁོ་རའི་གནས་ཚང་ དཔལ་མོའི་མིང་ཐོ་ལུ་ བཀོད་ཡོད་རུང་ སྤྱི་ལོ་༢༠༠༠ ལུ་ ས་ཁྲམ་གསར་བཟོའི་དོན་ལུ་ ས་འཇལ་བའི་སྐབས་ ས་གནས་སོ་རི་བྲག་དང་ ཀ་ཤིང་སྦ་སྒོ་གཉིས་ཀྱི་བར་ན་ གཞུང་ས་ཌིསི་༥༣.༡༢ ཧམ་འཛུལ་དང་ ཁྲིམས་འགལ་ཐོག་འཇལ་ཏེ་ ཡོངས་བསྡོམས་ས་ཆ་ཌིསི་༦༣.༡༢ བཟོ་ནུག་ཟེར་ཨིན་པས།
སྤྱི་ལོ་༢༠༡༢ དང་༢༠༡༥ གི་བར་ན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་རྐྱབ་ད་ སྤྱི་ལོ་༢༠༠༥ ལུ་ ཉེས་འཛུགས་ཅན་གྱིས་ ཁྲིམས་འགལ་ཐོག་ལས་ ས་ཆ་ཌིསི་༦༣.༡༢ ལུ་ དངུལ་ཀྲམ་༣,༩༤༥,༠༠༠ སྦེ་ གྲུབ་ཐོབ་ལྕགས་ཟམ་རིན་པོ་ཆེ་ལུ་ བཙོང་ཡོད་མི་ལུ་བརྟེན་ སའི་བཅའ་ཁྲིམས་༡༩༧༩ ཅན་མ་ལས་ འགལ་ཡོདཔ་ལས་ སྨིན་དྲུག་རྡོ་རྗེ་ལུ་ གཞུང་ས་བདག་བཟུང་དང་ ཉོ་བཙོང་འཐབ་པའི་ ཉེས་འཛུགས་འབད་ནུག།
དེ་མ་ཚད་ ཉེས་འདོགས་པ་གིས་ སྨིན་དྲུག་རྡོ་རྗེ་ལུ་ ཡིག་ཆ་རྫུས་བཟོའི་ ཉེས་འཛུགས་འབད་མི་དེ་ཡང་ ས་ཆ་ཌིསི་༡༠ དེ་ ཀུན་དགའ་ཆོས་སྒྲོན་གྱི་ ཁྱིམ་གྱི་ཉེ་འདབས་ལུ་ཨིན་རུང་ ཁོ་གིས་ བར་སྦིས་ས་ལས་ གཞུང་ས་ཌིསི་༥༣.༡༢ ཧམ་འཛུལ་འབད་དེ་ ས་འཇལ་ནིའི་དོན་ལུ་ སྤྱི་ལོ་༢༠༠༡ ཟླ་༧ པའི་ཚེས་༥ ལུ་ ཉོགས་མེད་ཡི་གུ་རྫུས་མ་བཟོ་ཡོད་མིའི་ནང་ སྤང་ཞིང་སྒང་ རྒྱབ་ཕྱོགས་ཟ་མའི་ ས་ཌིསི་༡༠ འབད་མི་དེ་ སོ་གནས་སོ་རི་བྲག་དང་ ཀ་ཤིང་སྦ་སྒོ་༢ ཀྱི་བར་ན་ཨིནམ་མ་ཚད་ ཉེ་འདབས་ཀྱི་ གཡས་གཡོན་༢ ལུ་ རྟ་མགྲིན་བཟང་མོ་དང་ རྣམ་རྒྱལ་དབང་མོའི་ ས་ཆ་ཡོད་ཟེར་ འཁོད་ཡོད་ནི་དེ་གིས་ཨིན་པས།
ཉེས་འདོགས་པ་གིས་ ཞུ་མིའི་ནང་ ས་ཆ་ཉོ་བཙོང་གི་སྐོར་ སྤྱི་ལོ་༢༠༠༠ ཟླ་༤ པའི་ཚེས་༢༤ ལུ་གནང་མི་ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ལྟར་འབད་བ་ཅིན་ ས་ཌིསི་༡༠ འབད་མི་དེ་ ཀུན་དགའ་ཆོས་སྒྲོན་གྱིས་ ཉེས་འཛུགས་ཅན་ སྨིན་དྲུག་རྡོ་རྗེའི་གནས་ཚང་ དཔལ་མོ་ལུ་ རིན་མེད་སྟོང་པ་བྱིན་པའི་སྐོར་འཁོད་དེ་ ཁྲམ་སྤོ་སོར་འབད་ནུག་ཟེར་ཨིན་པས།
ཀུན་དགའ་ཆོས་སྒྲོན་གྱིས་ ངག་བརྗོད་ནང་ ས་རིན་དངུལ་ཀྲམ་༡༠༠,༠༠༠ སྦེ་ ཉེས་འཛུགས་ཅན་ སྨིན་དྲུག་རྡོ་རྗེ་ལུ་ བཙོང་ཡོད་མི་ ས་ཆ་དེ་ ས་འཇལ་ས་ཡང་ མ་མཐོངམ་ཚད་ ད་ལྟོ་ཡང་ མོ་གི་ཚོད་བསྲེ་ལྡུམ་ར་སྦེ་ ལག་ལེན་འཐབ་དོ་ཟེར་ འཁོད་ཡོད་པའི་ཁར་ མོ་གི་ས་ཆ་ ཚོང་འབྲེལ་འཐབ་མི་ རྣམ་རྒྱལ་གྱི་ ངག་བརྗོད་ནང་ཡང་ ས་ཆ་དེ་ སྣང་མེད་སྦེ་ ལུས་ཡོད་པའི་སྐོར་ བདེན་སྦྱོར་འབད་དེ་ཡོད་ཟེར་ ཉེས་འདོགས་པ་གིས་ བཤེར་ཡིག་ནང་བཀོད་ནུག།
དེ་ལས་ ཉེས་འཛུགས་ཅན་ སྨིན་དྲུག་རྡོ་རྗེ་གིས་ ས་ཌིསི་༡༠ འབད་མི་དེ་ ས་གནས་སོ་རི་བྲག་དང་ ཀ་ཤིང་སྦ་སྒོ་༢ ཀྱི་བར་ན་ཨིན་ཟེར་ ཉོགས་མེད་ཡི་གུ་ རྫུས་མ་བཟོ་མིའི་གུ་ དཔལ་མོ་དང་ ད་ལྟོའི་ལྕང་རྒེད་འོག་གི་ རྒཔོ་བཀའ་འགྱུར་ རྒཔོ་བགྲེསཔ་དཀོན་མཆོག་ རྒཔོ་བགྲེསཔ་གནག་ཀུ་ རྣམ་རྒྱལ་ བྱབ་ཅུང་ རྒྱལ་མཚན་༧ གྱིས་ བདེན་རྟགས་ཀྱི་ ལག་བྲིས་བཀོད་མི་ལུ་བརྟེན་ རྫུས་བཟོའི་ཉེས་འཛུགས་འབད་ནུག།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཁྲིམས་འདུན་ལུ་ ཞུ་མིའི་ནང་ ཧམ་འཛུལ་དང་ ཁྲིམས་འགལ་ཐོག་ལས་ གཞུང་ས་ཉོ་བཙོང་འཐབ་མི་ ས་ཆ་ཌིསི་༦༣.༡༢ དེ་ ལོག་གཞུང་ལུ་ སོར་ཆུད་འབད་དགོ་པའི་ བཀའ་རྒྱ་གནང་དགོ་པའི་ཁར་ ཉེས་འཛུགས་ཅན་ སྨིན་དྲུག་རྡོ་རྗེ་གིས་ གཞུང་ས་ཌིསི་༥༣.༡༢ ཁྲིམས་འགལ་ཐོག་ འཇལ་བའི་ཤུལ་ལས་ གཞུང་ལུ་ ས་ཐེབས་ཀྱི་རིན་ དངུལ་ཀྲམ་༤༦༢,༩༥༦ བཏབ་མི་དེ་ གཞུང་བཞེས་མཛད་དགོཔ་མ་ཚད་ ལྷག་ལུས་དངུལ་ཀྲམ་༨༦,༩༤༥ སྤྲོད་དགོཔ་ཚུ་ཡང་ གཞུང་ལུ་སོར་ཆུད་འབད་གནང་དགོ་ཟེར་ཨིན་པས།
དཔལ་མོ་གིས་ ས་ཌིསི་༦༣.༡༢ དེ་ གྲུབ་ཐོབ་ལྕགས་ཟམ་རིན་པོ་ཆེ་ལུ་ བཙོང་པའི་ཤུལ་ལས་ ས་འཇལ་དང་ ས་ཁྲམ་ལས་ཁུངས་ཀྱིས་ ཁྲོམ་སྡེའི་ས་ཁོངས་ནང་ ཁྲམ་བཀོད་ནི་དེ་ ཐིམ་ཕུག་གྲོང་སྡེ་ལས་འཛིན་ལུ་ རྩིས་སྤྲོད་འབདཝ་ད་ ས་འཇལ་པ་ པདྨ་རྡོ་རྗེ་གིས་ ས་ཌིསི་༦༣.༡༢ གུ་ གཞུང་ས་ཌིསི་༤༦.༨༨ ཐེབས་འཇལ་ཏེ་ ཡོངས་བསྡོམས་ས་ཆ་ཌིསི་༡༡༠ བཟོ་བྱིན་ཡོད་པའི་ མངོན་གསལ་བྱུང་མི་ལུ་བརྟེན་ རྩོད་དོན་དེ་ནང་ འབྲེལ་གཏོགས་ཡོད་མི་༣ ལུ་ གཞུང་ས་ཧམ་འཛུལ་དང་ ནང་གསུག་སྤྲོད་ལེན་གྱི་ ཉེས་འཛུགས་ཐོག་ ད་རེས་ནངས་པར་ རྩོད་བཤེར་འབད་བའི་བསྒང་འདུག།
གཞུང་ས་ཧམ་འཛུལ་འབད་བའི་སྐོར་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་ལས་ སྤྱི་ཚེས་༢༥/༨/༢༠༡༠ ལུ་བཏང་མི་ སྙན་ཞུ་དང་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་དང་ ཐིམ་ཕུག་ཁྲོམ་སྡེ་ལས་འཛིན་གྱིས་ཡང་ ཞིབ་དཔྱད་འབད་དགོཔ་སྦེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཞུ་བ་ཕུལ་མི་དང་འཁྲིལ་ ཞིབ་དཔྱད་རྐྱབ་ཡོད་པའི་གནས་ཚུལ།