གཞུང་ལས་ སློབ་རིམ་༡༠ པ་ མཐར་འཁྱོལ་མི་ཚུ་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༦༣༧.༥ བཏང་ཡོདཔ།

༉ ཤེས་རིག་ལྷན་ཁག་གིས་ འཆར་གཞི་༡༢ པའི་ བར་མཚམས་བསྐྱར་ཞིབ་ཀྱི་ སྙན་ཞུ་ཕུལ་བའི་སྐབས་ ད་ཚུན་གྱི་བར་ན་ སློབ་རིམ་༡༠ པ་ མཐར་འཁྱོལ་མི་ཚུ་ གཞུང་གི་སློབ་གཉེར་གྲོགས་རམ་ཐོག་ལུ་ སྒེར་གྱི་སློབ་གྲྭ་ཚུ་ནང་ འཛུལ་བའི་སྐབས་ ཟད་འགྲོ་དངུལ་ཀྲམ་༦༣༧.༥ དེ་ཅིག་ བཏང་ནུག་ཟེར་ཨིན་པས།

དེ་ཡང་ སྤྱི་ལོ་༢༠༡༩ ལུ་ དངུལ་ཀྲམ་ས་ཡ་༡༦༤.༧༡ དང་ སྤྱི་ལོ་༢༠༢༠ ལུ་ དངུལ་ཀྲམ་ས་ཡ་༢༨༠.༢༧ དེ་ལས་ དུས་ཅི་ དངུལ་ཀྲམ་ས་ཡ་༡༩༢.༥༣ བཏང་ཡོདཔ་ཨིན་པས།

གཞུང་གིས་ སློབ་གཉེར་གྲོགས་རམ་དེ་ཡང་ སྤྱི་ལོ་༢༠༡༩ འི་སློབ་དུས་ལས་ འགོ་བཙུགས་ཡོདཔ་ལས་ ད་ལྟོ་ཚུན་ཚོད་ སྒེར་གྱི་སློབ་གྲྭ་༢༡ ནང་ སློབ་རིམ་༡༠ པ་མཐར་འཁྱོལ་མི་ སློབ་ཕྲུག་༡༣,༥༨༣ དེ་ཅིག་ འཛུལ་ཞུགས་འབད་ནུག།

དུས་ཅིའི་ སློབ་དུས་ལས་ གཞུང་གི་སློབ་གཉེར་གྲོགས་རམ་ཐོག་ལུ་ སྒེར་གྱི་སློབ་གྲྭ་༢༠ ནང་ སློབ་རིམ་༡༠ པ་ མཐར་འཁྱོལ་མི་༡,༨༠༠ འཛུལ་ནི་ཨིན་མི་དེ་ མཇུག་འོང་ནི་ཨིནམ་ད་ དེ་ཡང་ གཞུང་གིས་ སང་ཕོད་ལས་ སློབ་རིམ་༡༠ པ་མཐར་འཁྱོལ་མི་ག་ར་ གཞུང་གི་སློབ་གྲྭ་ཚུ་ནང་ ལེན་ནི་ཨིན་པས།

གཞུང་གིས་ སློབ་གཉེར་གྲོགས་རམ་གྱི་འཐུས་ ནང་སྡོད་སློབ་ཕྲུག་ཚུ་ལུ་ དངུལ་ཀྲམ་༧༠,༠༠༠ རེ་དང་ ཕྱི་སྡོད་སློབ་ཕྲུག་ཚུ་གི་འཐུས་ དངུལ་ཀྲམ་༤༠,༠༠༠ རེ་ བྱིན་ཐོག་ལས་ སྒེར་གྱི་སློབ་གྲྭ་ཚུ་ནང་ བགོ་བཀྲམ་འབད་ཡོདཔ་ཨིན་པས།

གནད་དོན་དེ་གི་སྐོར་ལས་ བར་མཚམས་བསྐྱར་ཞིབ་སྐབས་ གསུང་གྲོས་གནང་ཡོདཔ་ད་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་དང་ དངུལ་རྩིས་ལྷན་ཁག་གི་ འགོ་དཔོན་གོངམ་ཚུ་གིས་ སླབ་མིའི་ནང་ སློབ་རིམ་༡༠ པ་ མཐར་འཁྱོལ་མི་ཚུ་ གཞུང་གི་ སློབ་གཉེར་གྲོགས་རམ་ཐོག་ལས་ སྒེར་གྱི་སློབ་གྲྭ་ཚུ་གི་ སློབ་རིམ་༡༡ པའི་ནང་འཛུལ་མིའི་ གྲོས་གཞི་དེ་ བསྒྱུར་བཅོས་འབད་དགོཔ་འདུག་ཟེར་ཨིན་པས།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་དྲུང་ཆེན་ འཕྲིན་ལས་རྣམ་རྒྱལ་གྱིས་ སླབ་མིའི་ནང་ སང་ཕོད་ སློབ་རིམ་༡༠ པ་ལས་ མཐར་འཁྱོལ་མི་ སློབ་ཕྲུག་ག་ར་ གཞུང་གིས་ ལེན་ནི་སྦེ་ འཆར་གཞི་ཡོདཔ་ད་ ད་རེས་ནངས་པར་ གཞུང་གི་སློབ་གྲྭ་ཚུ་ནང་ མཐུན་རྐྱེན་མེད་རུང་ སློབ་ཕྲུག་ཚུ་ ལེ་ཤ་འཛུལ་ཞུགས་འབད་ཡོདཔ་མ་ཚད་ སྒེར་གྱི་སློབ་གྲྭ་ཚུ་ནང་ མཐུན་རྐྱེན་ཡོད་རུང་ སློབ་ཕྲུག་མ་ཐོབ་པའི་ གདོང་ལེན་བྱུང་སྟེ་འདུག་ཟེར་ཨིན་པས།

འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ལོགས་གཅིག་ཁ་ལས་ གཞུང་ལུ་ འཆར་དངུལ་མེད་པའི་ གདོང་ལེན་བྱུང་རུང་ སློབ་ཕྲུག་ག་ར་ གཞུང་གིས་ ལེན་ནིའི་དོན་ལུ་ སློབ་གྲྭ་ཚུ་ནང་ མཐུན་རྐྱེན་ཐེབས་རྐྱབ་པའི་བསྒང་འདུག་ཟེར་ཨིན་པས།

བློན་ཆེན་དང་ ཤེས་རིག་བློན་པོ་གིས་ གྲོས་ཆོད་དེ་ བསྒྱུར་བཅོས་རྐྱབ་མི་ཚུགས་ཟེར་ བཤད་ཨིནམ་ད་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ སློབ་ཕྲུག་ཚུ་ དགོ་པ་ཅིན་ སྒེར་གྱི་སློབ་གྲྭ་ཚུ་གིས་ རང་སོའི་ཚོང་འབྲེལ་ གཞི་བཀོད་དེ་ ལེགས་ཤོམ་བཟོ་དགོཔ་ཡོདཔ་ལས་ གཞུང་གིས་ སློབ་ཕྲུག་ཚུ་ མིན་བྱིན་ཟེར་སླབ་མེན་ཟེར་གསུངས་ཡི། 

གལ་སྲིད་ སྒེར་གྱི་སློབ་གྲྭ་ཚུ་གིས་ གཞུང་གི་སློབ་གྲྭ་ལས་ལྷག་སྟེ་ སྤུས་ཚད་དང་ལྡནམ་སྦེ་ བཟོ་བ་ཅིན་ སློབ་ཕྲུག་ཚུ་ འཛུལ་ཞུགས་འབད་བར་ མ་འོང་པའི་ དཔེ་མི་སྲིད་ཟེར་ བློན་ཆེན་གྱིས་ གསུངས་ཡི།

བློན་ཆེན་གྱིས་འབད་བ་ཅིན་ གཞུང་གི་སློབ་གྲྭ་ཚུ་ནང་ རང་སོའི་ཚད་གཞི་དང་འཁྲིལ་ཏེ་ སློབ་ཕྲུག་ཚུ་ འཛུལ་ཞུགས་འབད་ནི་དང་ ས་སྟོང་ཐེབས་ཡོད་པ་ཅིན་མ་གཏོགས་ ཐེབས་ལེན་མི་ཆོག་ཟེར་ཨིནམ་ད་ སློབ་ཁང་ནང་ སློབ་ཕྲུག་གི་ སྤྱིར་སྙོམས་ནང་ ཆ་ཚད་ཡང་ སློབ་དཔོན་ཅིག་གི་ སློབ་ཕྲུག་༣༤ ལུ་ བཞག་སྟེ་ཡོད་རུང་ གནད་དོན་དེ་གི་སྐོར་ལས་ གྲོས་བསྟུན་འབད་འོང་ཟེར་ གསུངས་ཡི། 

བློན་ཆེན་གྱིས་ གསུངས་མིའི་ནང་ དུས་ཅི་ སློབ་རིམ་༡༠ པ་ལས་ མཐར་འཁྱོལ་མི་ མང་ཤོས་ཅིག་ ཨྱོན་རིག་པའི་འབྱུང་གནས་དང་ སློབ་གྲྭ་དག་པ་ཅིག་གིས་ ཐོབ་ཡོད་རུང་ ལ་ལོ་ཅིག་གིས་ སློབ་ཕྲུག་༤ ལས་བརྒལ་ ཐོབ་མ་ཚུགས་པས་ཟེར་ཨིན་པས།

ཤེས་རིག་བློན་པོ་ ཇའི་བིར་རའེ་གིས་ སླབ་མིའི་ནང་ གལ་སྲིད་ ཀོ་བིཌ་-༡༩ མ་ཐོན་པ་ཅིན་ སློབ་གྲྭ་ཚུ་ནང་ གཞི་རྟེན་མཐུན་རྐྱེན་ སློབ་ཁང་དང་ ཉལ་ཁྱིམ་ཚུ་ གཞི་བཙུགས་འབད་དེ་ སློབ་རིམ་༡༠ པ་ལས་ མཐར་འཁྱོལ་མི་ག་ར་ གཞུང་གི་སློབ་གྲྭ་ཚུ་ནང་ ལེན་ལེནམ་འོང་ཟེར་ཨིན་པས།

ཁོ་གིས་འབད་ཅིན་ སང་ཕོད་ལས་ སློབ་གྲྭ་ཚུ་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ རྐྱབ་དོ་ཡོདཔ་ལས་ ས་སྟོང་མེད་པའི་ དཀའ་ངལ་དེ་ཅིག་ར་ མི་འཐོན་འོང་ཟེར་ཨིནམ་ད་ སྒེར་གྱི་སློབ་གྲྭ་ཚོགས་པ་གིས་ ཚོང་འབྲེལ་བསྒྱུར་བཅོས་ཀྱི་ གྲོས་འཆར་ཡང་ ལྷན་ཁག་ལུ་ ལྷོད་དེ་ཡོད་ཟེར་ བཤདཔ་ཨིན་པས།

བློན་ཆེན་གྱིས་ སློབ་གཉེར་གྲོགས་རམ་ འགོ་བཙུགས་པའི་ ནམ་དུས་ལས་ར་ སྒེར་གྱི་སློབ་གྲྭའི་ ཇོ་བདག་ཚུ་ལུ་ ལོ་༣ གྱི་ཤུལ་ལས་ སློབ་ཕྲུག་ག་ར་ གཞུང་གི་སློབ་གྲྭ་ཚུ་ནང་ འཛུལ་ཞུགས་འབད་ནི་སྦེ་ དྭངས་གསལ་སྦེ་ སླབ་ཅི་ཟེར་ ཤེས་རིག་བློན་པོ་གིས་ བཤདཔ་ཨིན་པས།

སང་ཕོད་ལས་ སློབ་ཕྲུག་ཚུ་ སྒེར་གྱི་སློབ་གྲྭ་ཚུ་ནང་ འཛུལ་བའི་སྐབས་ གཞུང་གི་སློབ་གཉེར་གྲོགས་རམ་མེདཔ་མ་གཏོགས་ སློབ་གྲྭ་ཚུ་ནང་ འཛུལ་ནིའི་དོན་ལུ་ ང་བཅས་ཀྱི་ ཁ་ཐུག་ལས་ བཀག་ཐབས་འབད་དེ་མེདཔ་ལས་ སློབ་ཕྲུག་ཚུ་གིས་ རང་སོའི་བློ་འདོད་དང་འཁྲིལ་དགོཔ་བཞིན་དུ་ དུས་ཅི་ སྐུགས་ཚད་མངམ་ཐོབ་མི་ སློབ་ཕྲུག་ཚུ་ སྒེར་གྱི་སློབ་གྲྭ་ནང་ འཛུལ་ནུག་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།

ཕྱི་འབྲེལ་བློན་པོ་ཌོག་ཊར་ རྟ་མགྲིན་རྡོ་རྗེ་གིས་ སླབ་མིའི་ནང་ སང་ཕོད་ལས་ སློབ་རིམ་༡༠ པ་ལས་ མཐར་འཁྱོལ་མི་ག་ར་ གཞུང་གི་སློབ་གྲྭ་ནང་འཛུལ་ནིའི་ གནད་དོན་དེ་ ད་ལྟོ་ ཐག་མ་བཅད་པར་ཡོད་ཟེར་ཨིནམ་ད་ ལྷན་རྒྱས་གཞུང་ཚོགས་ནང་ སློབ་ཕྲུག་ཚུ་ ག་དེ་མང་མང་ གཞུང་གིས་ ལེན་ཚུགས་པ་ཅིན་ ཟད་འགྲོ་མར་འབབ་འགྱོ་ནི་ལུ་ ལྷན་ཐབས་འབྱུང་འོང་ཟེར་ཨིན་པས།

འཆར་གཞི་༡༢ པའི་ནང་ ཤེས་རིག་ལྷན་ཁག་ནང་ འཆར་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་༤.༣ བཞག་ཡོད་མི་ལས་ དུས་ཅི་ སྤྱི་ཟླ་༣ པ་ཚུན་ ཟད་འགྲོ་དངུལ་ཀྲམ་ཐེར་འབུམ་༢.༢༡༠ བཏང་ཡོདཔ་ད་ དམིགས་བསལ་ལས་རིམ་གྱི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༡ བགོ་བཀྲམ་འབད་མི་ལས་ དངུལ་ཀྲམ་ས་ཡ་༣༠༠.༦༩༧ ལག་ལེན་འཐབ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཨ་ལོའི་གླིང་ག་ ཉེན་སྲུང་མེད་མི་ལུ་བརྟེན་ ཕམ་ཚུ་ ཚ་གྱང་ལང་དོ་ཡོདཔ།

༉ བཀྲིས་སྒང་ཁྲོམ་གྱི་སྦུག་ལུ་ཡོད་པའི་ ཨ་ལོའི་གླིང་གི་ཅ་ཆས་ཚུ་ མེདཔ་ཐལ་མི་ལུ་བརྟེན་ ཨ་ལོ་ཚུ་ རྩེདམོ་རྩེད་བའི་སྐབས་ ཉེན་སྲུང་ག་ནི་ཡང་ མིན་འདུག་ཟེར་ཨིན་པས། ཁྲོམ་ཁར་སྡོད་མི་ཚུ་གིས་འབད་བ་ཅིན་ སྤྱི་ལོ་༢༠༡༨ ལུ་ ཆུ་རུད་ཀྱིས་ མེདཔ་བཏང་པའི་ཤུལ་ལུ་ ཉམས་བཅོས་ཚར་གཅིག་ཡང་མ་འབད་ཟེར་ཨིནམ་ད་ ཉེན་སྲུང་མེད་རུང་ …

Leave a Reply

Your email address will not be published. Required fields are marked *