གཞུང་ལས་ ཞབས་ཏོག་བློན་པོ་བགྲེསཔ་ལུ་ ངན་ལྷད་ཀྱི་ ཁ་ཉེས་སྐོར་ཐེབས་སླབ་ནི་མེདཔ།

༉ གཞུང་གིས་ ཞབས་ཏོག་བློན་པོ་བགྲེསཔ་ ཡེ་ཤེས་སྦྱིན་པ་ལུ་ ངན་ལྷད་དང་འབྲེལ་བའི་ ཁ་ཉེས་བཀལ་མི་དེ་ལུ་ ཐེབས་མི་སླབ་ཟེར་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ཁ་ཙ་ བརྡ་བརྒྱུད་ཀྱི་ ཞལ་འཛོམས་ནང་གསུངས་ཡི།
གནད་དོན་དེ་གི་སྐོར་ལས་ ལོ་རྒྱུས་མངམ་སླབ་དགོཔ་མེདཔ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཞིབ་དཔྱད་རྐྱབ་བཅུག་འོང་ཟེར་ བློན་ཆེན་གྱིས་ གསུངས་ཡི།
ཞབས་ཏོག་བློན་པོ་བགྲེསཔ་གིས་ གཞུང་གི་ཧོངས་ལས་ ཁོ་ལུ་ དངུལ་འབྲེལ་མཐུན་རྐྱེན་བྱིན་མིའི་ནང་ སྲིད་བྱུས་ཀྱི་ ངན་ལྷད་དང་ ཁེ་ཕན་ལྟག་སྤྲོད་ཀྱི་ ཁ་ཉེས་བཀལ་མི་ཚུ་ལུ་ ངོས་ལེན་མ་འབད་བར་ཡོདཔ་ད་ བློན་པོ་བགྲེསཔ་གིས་ གནས་ཚུལ་གསར་བཏོན་ནང་ བཀོད་མི་དེ་ གནད་དོན་ངོ་མ་ལས་ ཁ་སྒྱུར་གཏང་ནི་གི་ ཐབས་ཤེས་ཅིག་ཨིན་པས་ཟེར་ བློན་ཆེན་གྱིས་གསུངས་ཡི།
བློན་ཆེན་གྱིས་ སྤྱི་ཟླ་༡ པའི་ཚེས་༢༦ ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཡི་གུ་བྲིས་མིའི་ནང་ ཞབས་ཏོག་བློན་པོ་བགྲེསཔ་གིས་ སྤྱི་ལོ་༢༠༡༣ ལུ་ ལྷན་རྒྱས་གཞུང་ཚོགས་ཐེངས་༡༥༦ པའི་ ཁྲི་འཛིན་མཛད་དེ་ གྲོས་ཆོད་བཏོན་མི་དེ་ནང་ ཁེ་ཕན་ལྟག་སྤྲོད་དང་ ངན་ལྷད་སྲིད་བྱུས་ ཡིག་ཚང་བྱ་སྤྱོད་ངན་པ་འཐབ་པའི་ ཉེས་འཛུགས་འབད་དེ་ ཞིབ་དཔྱད་རྐྱབ་དགོཔ་སྦེ་བཀོད་ནུག།
ལྷན་རྒྱས་གཞུང་ཚོགས་ཀྱིས་ ལྟ་བཤལ་གནས་ཚད་ཀྱི་ ཟ་ཁང་ཚུ་གི་དོན་ལུ་ དངུལ་འབྲེལ་མཐུན་རྐྱེན་ གནང་ཡོད་མིའི་གྲས་ལས་༡ ཡེ་ཤེས་སྦྱིན་པའི་བུམོ་གི་ཨིན་མི་ ལི་མེ་རི་ཌེན་ཟ་ཁང་དེ་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ གཞུང་གིས་ ངན་ལྷད་དང་འབྲེལ་བའི་ རྩོད་རྙོགས་བཟོ་མི་དེ་ སྲིད་འབྲེལ་གྱི་ གནད་དོན་ཨིནམ་སྦེ་ བརྡ་བརྒྱུད་ཀྱིས་ སྐྱོན་བརྗོད་འབད་ཡི་ཟེར་ཨིན་པས།
ཨིན་རུང་ གཞུང་ལས་ ངན་ལྷད་ལུ་ བཟོད་བསྲན་རྩ་ལས་མེད་ཟེར་ བློན་ཆེན་གྱིས་ གསུངས་པའི་ཁར་ སྤྱི་ལོ་༢༠༡༧ ལུ་ ངན་ལྷད་མཐོང་སྣང་གི་རིམ་ཨང་ནང་ འཛམ་གླིང་རྒྱལ་ཁབ་༡༨༠ ལས་ འབྲུག་འདི་ ངན་ལྷད་ཉུང་བའི་ རིམ་ཨང་༢༦ པའི་ནང་ཚུད་མི་དེ་ རྒྱལ་ཁབ་ཀྱི་དོན་ལུ་ གྲུབ་འབྲས་སྦོམ་ཅིག་ཨིནམ་ལས་ སེམས་དགའ་ཡི་ཟེར་ གསུངས་ཡི།
ད་རུང་ བློན་ཆེན་གྱིས་འབད་བ་ཅིན་ དངུལ་རྩིས་ལྷན་ཁག་གིས་ སྤྱི་ལོ་༢༠༠༨ ལས་ཚུར་ དངུལ་འབྲེལ་མཐུན་རྐྱེན་གྱི་ ཁེ་ཕན་བྱུང་མི་ཚུ་གི་ ཐོ་ཡིག་ཅིག་ བཏོན་ནིའི་དོན་ལུ་ ལཱ་འབད་བའི་བསྒང་ཡོད་ཟེར་ཨིན་པས།
ལྷོ་ཐིམ་ཕུག་གི་ རྒྱལ་ཡོངས་ཚོགས་འདུའི་འཐུས་མི་ ཡེ་ཤེས་སྦྱིན་པ་གིས་ སྤྱི་ཟླ་༢ པའི་ཚེས་༢༦ ལུ་ གནས་ཚུལ་ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ཁོ་ལུ་ ངན་ལྷད་འཐབ་ཡོད་པའི་ ཉེས་འཛུགས་བཀལ་མི་ཚུ་ མ་བདེནམ་ལས་ བློན་ཆེན་ལུ་ སྐུར་འདེབས་དང་ མི་སེར་ལུ་ གོ་བ་བརྡ་ལོག་སྤྲོད་པའི་ འགན་འཁྲི་འབག་དགོ་ཟེར་ བཤད་ཡོད་པའི་གནས་ཚུལ།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *