སྟང་སི་སྦྱིས་ གློག་མེ་འཕྲུལ་ཁང་ཆུང་བ།

གཞུང་ལམ་ རྒྱ་བསྐྱེད་ལུ་བརྟེན་ སྟང་སི་སྦྱིས་ གློག་མེ་འཕྲུལ་ཁང་ཆུང་བ་ སྒོ་བསྡམས་དགོཔ་བྱུང་ཡོདཔ།

༉ ཀྲོང་གསར་རྫོང་ཁག་ སྟང་སི་སྦྱིས་ལུ་ གཞི་བཙུགས་འབད་དེ་ཡོད་མི་ གློག་མེ་འཕྲུལ་ཁང་ཆུང་བ་དེ་གིས་ གཡུས་ཚན་དེ་ནང་གི་ མི་སེར་ཚུ་གི་དོན་ལུ་ ཕན་ཐོགས་སྦོམ་སྦེ་ར་ བྱུང་ཡོདཔ་ཨིན་རུང་ ད་རེས་ སྒོ་བསྡམས་དགོཔ་བྱུང་ཡོདཔ་ཨིན་པས།

དེ་ཡང་ ད་རེས་ གློག་མེ་འཕྲུལ་ཁང་གི་ ལྟག་ལས་ཕར་ཡོད་པའི་ ཤར་ནུབ་གཞུང་ལམ་ རྒྱ་བསྐྱེད་འབད་མི་དེ་གིས་ ཆུ་གཡུར་མེདཔ་བཏང་མི་ལུ་བརྟེན་ཨིན་པས།
ད་རེས་ ཆུ་འོང་སའི་ ཆུ་གཡུར་དེ་ནང་ རྡོ་སྦོམ་ཚུ་འཛུལ་ཏེ་ བསུབས་ཡོདཔ་ཨིན་པས།
ཀྲོང་གསར་ལུ་ཡོད་པའི་ འབྲུག་གློག་མེ་ལས་འཛིན་གྱི་ སྡེ་ཚན་འཛིན་སྐྱོང་པ་ ཀརྨ་ལས་སྐྱིད་ཀྱིས་ བཤད་མིའི་ནང་ ལས་འཛིན་གྱིས་ ལམ་སེལ་ལས་ཁུངས་ལུ་ ཆུ་གཡུར་དེ་ ག་དེ་མགྱོགས་མགྱོགས་ སེལ་དགོ་པའི་ ཡི་གུ་བསྐྱལ་ཡོདཔ་བཞིན་དུ་ འཕྲལ་མགྱོགས་ར་ སེལ་ཚུགས་པའི་རེ་བ་ བསྐྱེད་དོ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གློག་མེ་འཕྲུལ་ཁང་དེ་ སྒོ་བསྡམས་བཞག་དགོཔ་ ཐོན་ཡོད་རུང་ དེ་ནང་ལས་ ཐོན་སྐྱེད་འབད་མི་ གློག་ཤུགས་དེ་ཡང་ གློག་མེའི་རྒྱུན་ལམ་ངོ་མའི་ནང་ མཐུད་སྦྲེལ་འབད་ཡོདཔ་ལས་ མི་སེར་ལུ་ ཞབས་ཏོག་གི་ གནོད་པ་མེད་ཟེར་ཨིན་པས།
ཨིན་རུང་ གློག་མེ་འཕྲུལ་ཁང་དེ་ ཇ་པཱན་གཞུང་གིས་ འབྲུག་རྒྱལ་ཁབ་ལུ་ གསོལ་རས་སྦེ་ གཞི་བཙུགས་འབད་ནི་དེ་གིས་ ག་དེ་དྲག་དྲག་ བདག་འཛིན་འཐབ་སྟེ་ ལག་ལེན་ཐོག་ལུ་བཞག་དགོཔ་ ཁག་ཆེ་ཟེར་ཨིན་པས།
ས་ཁོངས་ནང་ རྡོ་སྦོམ་ཚུ་ ལེ་ཤ་ཅིག་ར་ འཛུལ་ཡོད་མི་ལུ་བརྟེན་ མི་སེར་ཚུ་གིས་ འབད་ཐབས་མེདཔ་ལས་ རྡོ་རྫས་བཀལ་དགོཔ་བཟུམ་ཅིག་ ཡོད་ཟེར་ཨིན་པས།
གཟའ་ལམ་ཆུ་གིས་རྐྱབ་མི་ སྟང་སི་སྦྱིས་གློག་མེ་འཕྲུལ་ཁང་དེ་ སྤྱི་ལོ་༡༩༨༧ ལུ་ ཇ་པཱན་གཞུང་གིས་ འབྲུག་ལུ་ གསོལ་རས་སྦེ་ གཞི་བཙུགས་གནང་ཡོདཔ་ད་ དེ་གིས་ གློག་ཤུགས་ཀེ་བི་ཨེ་༣༧.༥ ཐོན་སྐྱེད་འབད་དོ་ ཡོདཔ་ཨིན་པས།
གློག་མེ་འཕྲུལ་ཁང་ བདག་འཛིན་འཐབ་སྡོད་མི་ ཕུརཔ་རྡོ་རྗེ་གིས་ སླབ་མིའི་ནང་ ད་རེས་ འཕྲུལ་ཁང་མེདཔ་ཐལ་མི་དེ་ གཞུང་ལམ་རྒྱ་བསྐྱེད་ལུ་ བརྟེན་ཨིནམ་ད་ གལ་སྲིད་ ཆུ་གཡུར་དེ་ སེལ་ཚུགས་པ་ཅིན་ འཕྲུལ་ཆས་ཚུ་ གློག་མེ་ཐོན་སྐྱེད་ འབད་ནིའི་དོན་ལུ་ གྲ་སྒྲིག་ཡོད་ཟེར་ཨིན་པས།
དེ་མེན་པར་ གློག་མེ་འཕྲུལ་ཁང་དེ་ གློག་མེ་འཕྲུལ་ཁང་ གཞན་ཚུ་བཟུམ་སྦེ་ ད་ལྟོ་ཚུན་ ཚར་གཅིག་ཡང་ མེདཔ་ཐལ་ཐལཝ་ མེད་ཟེར་ཨིན་པས།
ཀྲོང་གསར་ ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་འགོ་དཔོན་གཙོ་འཛིན་ ལྟའུ་རྒྱས་ཆོས་གྲུབ་ཀྱིས་ སླབ་མིའི་ནང་ ས་ཁོངས་དེ་གི་འོག་ལུ་ གློག་མེ་འཕྲུལ་ཁང་ཡོདཔ་ མ་ཤེས་ཟེར་ཨིནམ་ད་ ཨིན་རུང་ ཞིང་ཆུའི་གཡུར་བ་ཡོདཔ་སྦེ་ སླབ་མི་ལུ་བརྟེན་ ད་ལྟོ་ གཟའ་ལམ་ཆུའི་ཉེ་འདབས་ལུ་ ས་ཁོངས་ཅིག་ནང་ ལཱ་མ་འབད་བར་ བཞག་སྟེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

སྟང་སི་སྦྱིས་ལས་ ཉི་མ་དབང་འདུས།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *