༉ མོང་སྒར་ཁྲོམ་དང་ རི་ད་ཟ་སློབ་གྲྭའི་བར་ན་ ད་ལྟོའི་བར་ན་ཡང་ གཞུང་ལམ་རྩི་ནག་མ་བཏང་པར་ ཡོདཔ་ལས་ ཐལཝ་ལོང་མི་དེ་གིས་ སློབ་ཕྲུག་ཚུ་ལུ་ གདོང་ལེན་སྦོམ་བྱུང་སྟེ་འདུག།
རི་ད་ཟ་སློབ་གྲྭ་ཆུང་བའི་ སློབ་རིམ་༢ པའི་སློབ་ཕྲུག་ ཨོ་རྒྱན་གྱིས་ སླབ་མིའི་ནང་ གཞུང་ ལམ་ཐལཝ་གིས་ གང་ཡོདཔ་ལས་ དྲོ་པ་སློབ་གྲྭ་ནང་ འགྱོ་བའི་སྐབས་དང་ ཕྱི་རུ་སློབ་གྲྭ་ལས་ ཁྱིམ་ནང་འོངམ་ད་ སྣུམ་འཁོར་ཕར་ཚུར་རྒྱུན་འགྲུལ་འབད་མི་ཚུ་གིས་ ཐལཝ་ལོང་སྟེ་ མགུ་ཏོ་དང་ ལྐོདམ་ན་ནི་ དེ་ལས་ ཚ་རིམས་ཐོབ་སྟེ་ དཔེ་ཆ་ལྷབ་མ་ཚུགས་པའི་ དཀའ་ངལ་བྱུངམ་མས་ཟེར་ཨིན་པས།
ཊའེ་གླིང་ཁྲོམ་ནང་སྡོད་མི་ རིག་འཛིན་རྡོ་རྗེ་གིས་ སྤྱི་ལོ་༢༠༡༦ ལས་འགོ་བཙུགས་ གཞུང་ལམ་རྒྱ་སྐྱེད་འབདཝ་ད་ ས་རྐོ་འཕྲུལ་ཆས་ཀྱིས་ ཧ་ཀ་ཧོ་ཀ་སྦོམ་ བཏོན་བཞག་མི་དེ་ ཉམས་བཅོས་འབད་ནི་མེད་པའི་ཁར་ རྩི་ནག་གཏང་ནི་མེདཔ་ལས་ སློབ་ཕྲུག་ཨ་ལོ་ཚུ་ལུ་ དཀའ་ངལ་སྦོམ་སྦེ་ར་ བྱུང་སྟེ་ཡོད་ཟེར་ བཤདཔ་ཨིན་པས།
སློབ་རིམ་༦ པའི་སློབ་ཕྲུག་ རིན་ཆེན་རྡོ་རྗེ་གིས་ གནམ་བྱཱར་ལུ་ ཆརཔ་དང་ གནམ་དགུན་ལུ་ ཐལཝ་གིས་ སྒྲིག་གོ་དང་ སློབ་དེབ་ཚུ་ མེདཔ་བཏངམ་མ་ཚད་ ན་ནི་དང་ ཚ་ནི་རྫོགས་ནི་མེདཔ་ལས་ རྫོང་ཁག་དང་ རྒེད་འོག་ དེ་ལས་ ལམ་སེལ་འགོ་དཔོན་ཚུ་གིས་ ཞིབ་དཔྱད་འབད་དེ་ སློབ་ཕྲུག་ཚུ་གི་ གནས་སྟངས་བལྟ་དགོཔ་འདུག་ཟེར་ཨིན་པས།
སློབ་ཕྲུག་ལ་ལོ་གིས་འབད་བ་ཅིན་ མོང་སྒར་ཁྲོམ་ནང་བཟུམ་སྦེ་ གཞུང་ལམ་གཡས་གཡོན་ལས་ ཆུའི་གཡུར་བ་ སེལ་དགོ་པའི་ཁར་ མི་ཚུ་གི་དོན་ལུ་ རྐང་ལམ་དགོཔ་འདུག་ཟེར་ཨིན་པས།
རྫོང་ཁག་ཚོགས་འདུའི་ཁྲི་འཛིན་ ཙ་ཀ་གླིང་གི་རྒཔོ་ ཀརྨ་ཨེསི་དབང་ཕྱུག་གིས་ སླབ་མིའི་ནང་ ཀི་ལོ་མི་ཊར་༡ ལྷགཔ་ཅིག་འབད་མི་ གཞུང་ལམ་དེ་ ནོར་བུ་ཁག་འབགཔ་གིས་ དུས་ཚོད་ཁར་ སེལ་ནི་མེད་པའི་ཤུལ་ལུ་ གོང་འཕེལ་ཁག་འབགཔ་ལུ་སྤྲོད་དེ་ བདུན་ཕྲག་༡ དེ་ཅིག་གི་རིང་ ལཱ་འབད་ཡོད་རུང་ ལུང་ཕྱོགས་ལམ་སེལ་ཡིག་ཚང་གིས་ བཀག་འཛིན་འབད་བཞག་མི་དེ་ གནད་དོན་ག་ཅི་ཨིན་ན་ ཧ་གོ་མ་ཚུགས་ ཟེར་ཨིན་པས།
གླིང་མི་ཐང་ལུང་ཕྱོགས་ལམ་སེལ་ཡིག་ཚང་ལས་ བཟོ་རིག་འགོ་དཔོན་གོངམ་ ཀརྨ་རིག་འཛིན་གྱིས་ མོང་སྒར་ཁྲོམ་ལས་ རི་ད་ཟ་སློབ་གྲྭ་འོག་ཚུན་ གཞུང་ལམ་རྒྱ་སྐྱེད་ཀྱི་ལཱ་ བཀག་འཛིན་འབད་མི་དེ་ དངུལ་འབྲེལ་གྱི་ སྒྲིག་གཞི་ལས་ འགལ་ཡོད་མི་ལུ་བརྟེན་ཨིན་ཟེར་ བཤདཔ་ཨིན་པས།
ཨིན་རུང་ ལོག་རིན་བསྡུར་འབད་མི་དེ་ བདུན་ཕྲག་གི་ཤུལ་ལས་ ཁག་འབགཔ་ག་གིས་ ཐོབ་ཚུགས་ག་ ཤེས་ཚུགས་ནི་ཨིནམ་མ་ཚད་ ཟླཝ་༡ གི་རྒྱབ་ལས་ རྩི་ནག་གི་ལཱ་ འགོ་བཙུགས་ཚུགས་ཟེར་ ཀརྨ་རིག་འཛིན་གྱིས་ བཤདཔ་ཨིན་པས།
གཞུང་ལམ་གྱི་ ཐལཝ་ལུ་བརྟེན་ གཞུང་ལམ་འོག་ལུ་ སྒྲིང་ཁྱིམ་ནང་སྡོད་མི་དང་ ཚོང་ཁང་ དེ་ལས་ ཚོང་ཉོ་བར་འོང་མི་ཚུ་ལུ་ཡང་ དཀའ་ངལ་བྱུང་སྟེ་ཡོདཔ་ཨིན་པས།
དེ་ལས་ ཀི་ལོ་མི་ཊར་༡༡ འབད་མི་ སྒང་མགོ་ལ་དང་ རི་ད་ཟ་ཚུན་གྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་མི་དེ་ རྩི་ནག་གཏང་ནིའི་དོན་ལུ་ རིག་གསར་ཁག་འབགཔ་གིས་ ལཱ་འགོ་བཙུགས་ཡོད་པའི་གནས་ཚུལ།
མོང་སྒར་ལས་ བཀྲིས་ཕུན་ཚོགས།