བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་གིས་ མོང་སྒར་ སྔ་ཚང་རྒེད་འོག་གི་ མི་སེར་ཚུ་དང་གཅིག་ཁར་ གྲོས་འཛོམས་འཚོགས་པའི་བསྒང་།

གཞུང་ལམ་རྒྱ་བསྐྱེད་སྐབས་ཀྱི་ དཀའ་ངལ་དེ་གིས་ ཤུལ་ལས་ ཕན་ཁྱད་འབྱུང་ནི།

༉ ད་རེས་ནངས་པར་ ཤར་ནུབ་ཀྱི་ གཞུང་ལམ་རྒྱ་བསྐྱེད་འབད་བའི་སྐབས་ རྒྱུན་འགྲུལ་འཐབ་མི་དང་ ལཱ་འབད་མི་ཚུ་ལུ་ དཀའ་ངལ་དུམ་གྲ་རེ་ ཐོན་དོ་ཡོད་རུང་ ཤུལ་ལས་ གྲུབ་འབྲས་འབྱུང་བའི་སྐབས་ རྒྱལ་ཁབ་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ཚུགས་ཟེར་ཨིན་པས།
དེ་ཡང་ སྤྱི་ཟླ་༡༠ པའི་ཚེས་༧ ལུ་ བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་གིས་ མོང་སྒར་ སྔ་ཚང་རྒེད་འོག་ནང་ ལྟ་སྐོར་བྱོན་ཏེ་ མི་སེར་ཚུ་དང་གཅིག་ཁར་ གྲོས་འཛོམས་འཚོགས་པའི་སྐབས་ མི་སེར་ཚུ་གིས་ གཞུང་ལམ་རྒྱ་བསྐྱེད་འབདཝ་ད་ ཁག་འབགཔ་དང་གཅིག་ཁར་ དཀའ་ངལ་ཐོན་པའི་སྐོར་ལས་ དྲི་བ་ཞུ་མིའི་ལན་ལུ་ བློན་ཆེན་གྱིས་ དོགས་སེལ་སྦེ་ གསུངས་གནང་ཡི།
དགྲ་མེད་རྩེ་རྒཔོ་བགྲེསཔ་ ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ ཡ་ལྡི་ལས་ བཀྲིས་སྒང་ཚུན་ གཞུང་ལམ་རྒྱ་བསྐྱེད་ཀྱི་ལཱ་དེ་ རྒྱ་གར་ཌཱན་ཊག་ལས་འགུལ་གྱིས་ འབད་དོ་ཡོདཔ་བཞིན་དུ་ ཉིན་མའི་དུས་ཚོད་ལུ་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དཀའ་ངལ་བྱུངམ་མས་ཟེར་ཨིན་པས།
རྒཔོ་བགྲེསཔ་གིས་འབད་བ་ཅིན་ ཌཱན་ཊག་ལས་འགུལ་གྱིས་ ཉིནམ་༡ ནང་ སྣུམ་འཁོར་གྱི་རྒྱུན་འགྲུལ་ ཚར་༤ བཀག་བཞག་མི་ལུ་བརྟེན་ རྒྱུན་འགྲུལ་འཐབ་མི་ མི་སེར་ཚུ་ལུ་ དཀའ་ངལ་བྱུངམ་མས་ཟེར་ཨིན་པས།
གཞུང་ལམ་རྒྱ་བསྐྱེད་འབད་བའི་སྐབས་ སྣུམ་འཁོར་གྱི་ རྒྱུན་འགྲུལ་བཀག་ནིའི་དོན་ལུ་ དུས་ཚོད་བཟོ་མི་དེ་ཡང་ དྲོ་པའི་ཆུ་ཚོད་༡༠ དང་ ཉིན་མའི་ཆུ་ཚོད་༡༢ དེ་ལས་ ཕྱི་རུའི་ཆུ་ཚོད་༣ དང་༥ ལུ་ཨིན་པས།
རྒཔོ་བགྲེསཔ་གིས་ ཞུ་མིའི་ནང་ ཚར་གཅིག་འབདཝ་ད་ ཌཱན་ཊག་ལས་འགུལ་གྱིས་ ཉིན་མའི་ཆུ་ཚོད་༡༢ ལུ་ རྒྱུན་འགྲུལ་འཐབ་བཅུག་མི་དེ་ བཀག་བཞག་སྟེ་ ཆུ་ཚོད་༡ ལང་རུང་ བཏང་མ་བཏུབ་མི་ལུ་བརྟེན་ ལཱ་འབད་མི་ཚུ་ལུ་ ལམ་གཏང་དགོཔ་སྦེ་ སླབ་པའི་སྐབས་ ངོས་ལེན་འབད་མི་བཏུབ་པས་ཟེར་ཨིན་པས།
གཞུང་ལམ་རྒྱ་བསྐྱེད་ཀྱི་ལཱ་དེ་ རྒྱ་གར་གཞུང་གི་ མ་དངུལ་ཐོག་ འབད་དོ་ཡོདཔ་ལས་ ཁྱེད་ཀྱིས་སླབ་མི་དེ་ལུ་ དོན་དག་མེད་ཟེར་ སླབ་མས་ཟེར་ཨིནམ་ད་ མ་གཞི་ མ་དངུལ་ཐད་ཁར་ ཕྱི་ལས་ཨིན་རུང་ ལཱ་འབད་སའི་ས་ཁོངས་དེ་ འབྲུག་རྒྱལ་ཁབ་ནང་ཨིནམ་ལས་བརྟེན་ དཀའ་ངལ་སེལ་ཐབས་ཀྱི་ ཐབས་ལམ་ཅིག་ གསུངས་གནང་ཟེར་ བློན་ཆེན་ལུ་ཞུ་ཡི།
དེ་ལུ་ བློན་ཆེན་འབད་བ་ཅིན་ ཌཱན་ཊག་ལས་འགུལ་ནང་ ལཱ་འབད་མི་ཚུ་གིས་ དྲག་བཀལ་མི་དེ་ ཁག་འབག་གི་ ལཱ་འབད་མི་ལུ་བརྟེན་ཨིནམ་མ་ཚད་ མནོ་ཤེས་མི་དང་ མནོ་མ་ཤེས་མི་༢ ཡོདཔ་ལས་ ཁག་འབགཔ་ཚུ་ ལཱ་འབད་མ་བཅུག་པར་ མི་སེར་ཚུ་གིས་ དབུ་ཚུགས་རྐྱབ་ད་ དཀའ་ངལ་དུམ་གྲ་རེ་ འཐོན་སྲིདཔ་ལས་ མི་སེར་ཚུ་གིས་ མཉམ་འབྲེལ་དང་ རྒྱབ་སྐྱོར་འབད་དགོཔ་གལ་ཆེ་ཟེར་ གསུངས་ཡི།
གཞུང་ལམ་རྒྱ་བསྐྱེད་འབད་བའི་སྐབས་ བྱ་སྟབས་མ་བདེཝ་ དུམ་གྲ་རེ་ འཐོན་སྲིད་ནི་ཨིན་རུང་ ཤུལ་ལས་ གྲུབ་འབྲས་འཐོན་པའི་སྐབས་ རྒྱལ་ཁབ་ལུ་ར་ ཕན་ཐོགས་ཚུགས་ཟེར་ བློན་ཆེན་གྱིས་ གསུངས་ཡོད་པའི་གནས་ཚུལ།

སྔ་ཚང་རྒེད་འོག་ལས་ བཀྲིས་ཕུན་ཚོགས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *