གཞུང་ལམ་གྱི་ཟུར་ཁར་ ཚུལ་མིན་གྱི་སྒོ་ལས་ ཁྱིམ་རྐྱབ་ཡོད་རུང་ ཁྱིམ་གྱི་ཇོ་བདག་ལ་ལོ་གིས་ འཁོར་ལམ་གྱི་ ཐོབ་དབང་ཁྱད་ཚད་དང་འཁྲིལ་ སྤོ་བཤུད་འབད་ནུག།

གཞུང་ལམ་བདའ་སྟེ་ ཚུལ་མིན་ཐོག་རྐྱབ་མི་ ཁྱིམ་དག་པ་ཅིག་ མ་བཤིག་པར་ཡོདཔ།

༉ བཀྲིས་སྒང་དང་ ཡོན་ཕུག་ལའི་ གཞུང་ལམ་བདའ་སྟེ་ གཞུང་ས་ནང་ ཚུལ་མིན་ཐོག་ལས་ ཁྱིམ་རྐྱབ་ཡོད་མི་ལུ་ ཁྱིམ་བཤིག་དགོཔ་སྦེ་ སླབ་ཡོད་རུང་ ཁྱིམ་གྱི་ཇོ་བདག་དག་པ་ཅིག་གིས་ ཞག་དུས་དང་འཁྲིལ་ ཁྱིམ་བཤིག་གཏང་མི་ཚུགས་ནི་ཨིན་པས།
བཀྲིས་སྒང་རྫོང་ཁག་བདག་སྐྱོང་གིས་ ཁྱིམ་གྱི་ཇོ་བདག་ཚུ་ལུ་ ཁྱིམ་བཤིག་དགོ་པའི་ ཞག་དུས་ཟླཝ་༢ བྱིན་མི་དེ་ ད་རིས་ཚངམ་ཨིན་པས།
གཞུང་ལམ་གྱི་ ཐོབ་དབང་གི་ ཁྱད་ཚད་ལྡན་མི་ཚུ་གིས་ རང་སོའི་ཁྱིམ་ བཤིག་བཏང་ཐོག་ལས་ སྤོ་བཤུད་འབད་ཡོད་རུང་ ཚོང་པ་རྡོ་རྗེ་ལྷ་མོ་བཟུམ་ཅིག་ལུ་འབད་བ་ཅིན་ རྫོང་ཁག་བདག་སྐྱོང་ལས་ ཁྱིམ་བརྡལ་བཤིག་གཏང་དགོ་པའི་ བཀའ་རྒྱ་ལྷོད་པའི་ཤུལ་ལས་ གཉིད་ཡང་ལེགས་ཤོམ་སྦེ་ ཉལ་མ་ཚུགས་ཟེར་ཨིན་པས།
སྤྱི་ཟླ་༥ པའི་ཚེས་༥ ལུ་ མཉམ་འབྲེལ་ལྟ་ཞིབ་འབད་བའི་སྐབས་ འཁོར་ལམ་གྱི་ཟུར་ཁར་ ཁྱིམ་རྐྱབ་ཡོད་མི་ཚུ་གིས་ ལམ་གྱི་དབང་ཁྱབ་ཡོད་མི་དང་ མ་འཁྲིལ་བར་ རྐྱབ་ཡོདཔ་མ་ཚད་ ས་ཆ་ཡང་ གཞུང་ས་ཨིན་པའི་ མཐོང་གསལ་བྱུང་ནུག།
མོ་གིས་ སླབ་མིའི་ནང་ ཚོང་ཁང་དེ་གིས་ ཁེ་སང་བཟོ་ཚུགས་པའི་ རེ་བ་བསྐྱེད་དེ་ ཚོང་རྐྱབ་ནིའི་དོན་ལུ་ སྐྱིན་འགྲུལ་ལེན་ཡོད་རུང་ ཁྱིམ་བཤུབ་དགོ་པ་ཅིན་ སྐྱིན་ཚབ་ག་དེ་སྦེ་ བཏབ་ཚུགས་འོང་ག་ཟེར་ ཚ་གྱང་ལང་སྟེ་ཡོད་ཟེར་ཨིན་པས།
ཚོང་པ་གཞན་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་ལྟག་ལུ་ ཟ་ཁང་དང་ ཆང་ཁང་བཙུགས་མི་ གསང་སྔགས་གཡུ་སྒྲོན་གྱིས་ ཁྱིམ་གསརཔ་རྐྱབ་ནིའི་དོན་ལུ་ ལཱ་ཚུ་འབད་བའི་བསྒང་ཡོད་རུང་ ད་ལྟོའི་ས་ཁོངས་དེ་ ཚོང་འབྲེལ་གྱི་དོན་ལུ་ ལེགས་ཤོམ་ཡོད་ཟེར་ མོ་གིས་ སླབ་ཨིན་པས།
རྒཔོ་ལས་གནང་བ་ལེན་ཏེ་ འགྲོས་ཀྱིས་སྦེ་ མཐོ་རིམ་སློབ་གྲྭའི་ཨ་ལོ་ཚུ་ལུ་ བཞེས་སྒོའི་རིགས་ཚུ་བཙོང་ནི་ འགོ་བཙུགས་ཅི་ཟེར་གསང་སྔགས་གཡུ་སྒྲོན་གྱིས་ བཤད་ཡོདཔ་ད་ འཁང་མ་ལུ་ རྩི་སའི་སྒྲིང་ཁྱིམ་རྐྱབ་སྟེ་ བརྒྱ་ཆ་༧༠ དེ་ཅིག་ ལཱ་མཇུག་བསྡུ་མི་དེ་ཡང་ བརྡལ་བཤིག་གཏང་དགོཔ་ཨིན་པས།
ཁྱིམ་གྱི་ཇོ་བདག་ ཚེ་སྒྲོན་ལྷ་མོ་གིས་ སླབ་མིའི་ནང་ མོ་གིས་ ཉོ་མི་ས་ཆ་དེ་ གཞུང་ས་ནང་ཚུདཔ་ཨིནམ་ མ་ཤེས་ཟེར་ཨིནམ་ད་ སའི་ཇོ་བདག་གིས་ ས་ཆ་དེ་ ཁོ་གི་ཨིནམ་ལས་ ཉོགས་བཤད་ག་ནི་ཡང་མི་འཐོན་ཟེར་ སླབ་ཡོདཔ་ཨིན་པས།
ཁྱིམ་རྐྱབ་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༨ དེ་ཅིག་ ཟད་འགྲོ་སྦེ་བཏང་ཡོདཔ་ལས་ བཤིག་དགོ་པ་ཅིན་ རྒུད་སྦོམ་ཕོག་ནི་མས་ཟེར་ མོ་གིས་ བཤད་ཡོདཔ་ད་ ཐོག་ཚད་ལྔ་འབད་མི་ སྒྲིང་ཁྱིམ་དེ་ ལོ་གཉིས་ཀྱི་ཧེ་མ་ལས་ འགོ་བཙུགས་ཡོདཔ་ཨིན་པས།
ཚེ་རིང་ཆོས་སྒྲོན་དང་ ལས་སྐྱིད་དབང་མོ་གིས་ གཞུང་ལམ་ལས་ ཕིཊ་༥༠ ནང་ མི་ཚུད་ནིའི་དོན་ལུ་ རོང་ཐུང་ལུ་ སྤོ་བཤུད་འབད་ཡོདཔ་ད་ ཚེ་རིང་ཆོས་སྒྲོན་གྱིས་ གསལ་བསྒྲགས་ཡི་གུ་ནང་ ཁ་གསལ་སྦེ་བཀོད་དེ་ཡོདཔ་ལས་ སྒུག་སྟེ་དོན་དག་མེདཔ་ལས་ སྤོ་ཡི་ཟེར་ སླབ་ཨིན་པས།
མཉམ་འབྲེལ་ལྟ་ཞིབ་འབད་བའི་སྐབས་ ཁྱིམ་༢༢ ལུ་ སྤོ་བཤུད་འབད་དགོ་པའི་ ཡི་གུ་བཏང་མི་དེ་ནང་ དུས་ཚོད་ཁར་ བཤིག་མ་བཏང་པ་ཅིན་ རྫོང་ཁག་བདག་སྐྱོང་གིས་ ཁྲིམས་འདུན་ལུ་ གཏང་ནི་ཨིན་ཟེར་ བཀོད་ཡོདཔ་ཨིན་པས།
ཁྱིམ་ ༢༢ ལས་༡༠ གྱིས་ གཞུང་ས་ནང་ རྐྱབ་སྟེ་ཡོད་པའི་ཁར་ གཞུང་ལམ་ལས་ ཕིཊ་༥༠ བཞག་དགོ་པའི་ ཁྱད་ཚད་དང་མ་འཁྲིལ་བར་ རྐྱབ་སྟེ་ཡོད་པའི་གནས་ཚུལ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *